ཨ་རིའི་སྲིད་འཛིན་ནས་༸གོང་ས་མཆོག་མཇལ་རྒྱུར་རྒྱབ་སྐྱོར།
2010.02.16
༄༅༎ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་རྒྱུའི་གནད་དོན་ཐོག་ལ་ཨ་མི་རི་ཀའི་མི་དམངས་ནང་བསམ་ཚུལ་བསྡུ་ལེན་བྱས་པའི་སྐབས་འཆར་གཞི་ལྟར་མཇལ་འཕྲད་གནང་རྒྱུར་རྒྱབ་སྐྱོར་གྱི་བསམ་ཚུལ་འཕེན་མཁན་མང་བ་བྱུང་ཡོད་པ་རེད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་རེས་གཟའ་མིག་དམར་ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཆིབས་ཞལ་བསྒྱུར་ཏེ། སང་ཉིན་རེས་གཟའ་ལྷག་པ་ཕྱི་ཚེས་༡༧ཉིན་འདི་ག་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཞབས་སོར་འཁོད་རྒྱུ་དང། ཕྱི་ཚེས་༡༨ རེས་གཟའ་ཕུར་བུའི་ཉིན་སྲིད་འཛིན་ཨོ་སྦ་མ་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ལྟར། ཨ་མི་རི་ཀའི་ནང་རྟེན་གཞི་བྱས་པའི་Angus Reid Global Monitorཞེས་པའི་མི་དམངས་ཀྱི་བསམ་ཚུལ་བསྡུ་ལེན་བྱེད་མཁན་ཞིག་གིས། སྲིད་འཛིན་ཨོ་སྦ་མ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་རྒྱུའི་སྐོར་ལ་ཨ་མི་རི་ཀའི་མི་དམངས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པའི་སྐབས་མི་དམངས་བརྒྱ་ཆ་དྲུག་བཅུ་ལྷག་གིས་འཆར་གཞི་ལྟར་མཇལ་འཕྲད་གནང་རྒྱུར་རྒྱབ་སྐྱོར་གྱི་ལན་འདེབས་བྱས་ཡོད་ཅིང། ༸གོང་ས་མཆོག་དང་སྲིད་འཛིན་ཨོ་སྦ་མ་རྣམ་གཉིས་ཀྱི་མཇལ་འཕྲད་དེ་ཡིས། རྒྱ་ནག་གཞུང་ཁོང་ཁྲོ་ཆེན་པོ་བཟོས་ཡོད་པ་དང། ཉེ་ཆར་ཕྱི་ཚེས་༡༡ ཉིན་ཨ་མི་རི་ཀའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་སྐུ་ཞབས་རོ་སྦ་ཀྲི་གེཏ་སི་ཡིས། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་སྲིད་འཛིན་རྣམ་གཉིས་ཀྱི་མཇལ་འཕྲད་གནང་རྒྱུའི་སྔོན་གྱི་འཆར་གཞིར་འགྱུར་བ་མེད་པར་མཇལ་འཕྲད་གནང་རྒྱུ་ཡིན་པ་གསལ་བསྒྲགས་གནང་བ་མ་ཟད། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི། འཛམ་གླིང་ཡོངས་ཀྱིས་གུས་བཀུར་ཞུ་འོས་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིགདང། བོད་མི་རིགས་ཀྱི་ཐོབ་ཐང་ཐོག་བཀའ་མོལ་གནང་མཁན་གྱི་མགྲིན་ཚབ་པ་ཞིག་ཡིན་པར་བརྟེན། སྲིད་འཛིན་མཆོག་ནས་ཀྱང། བོད་རྒྱའི་དཀའ་རྙོགས་སེལ་ཐབས་ལ་བོད་རྒྱ་ཞི་མོལ་གྱི་ལས་དོན་དོན་ཕན་ལྡན་པའི་འགྲིག་མཐུན་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་པའི་སྐོར་གསུང་ཡོད་པ་རེད། ཡིན་ནའང་རྒྱ་ནག་ཕྱོགས་ནས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་མ་ཟད། མཇལ་འཕྲད་ཀྱི་དུས་བཀག་ཟིན་གྲབས་ཡོད་ཀྱང་སྲིད་འཛིན་ཨོ་སྦ་མ་ལ་མཇལ་འཕྲད་ཀྱི་ཐག་གཅོད་དེ་ཕྱིར་འཐེན་བྱ་རྒྱུར་བསྐྱར་དུ་བསམ་ཞིབ་གནང་དགོས་པ་དང་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་ལ་གནོད་འཚེ་མི་འགྲོ་བའི་ཕྱག་ལས་གནང་དགོས་པའི་ཉེན་བརྡ་བཏང་ཡོད་པ་རེད།