བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མུ་མཐུད་ཞན་པོ་འདུག


2015.02.26
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་༢༠༡༥ལོའི་ལོ་འཁོར་སྙན་ཐོ རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་༢༠༡༥ལོའི་ལོ་འཁོར་སྙན་ཐོ
དྲ་བཤུས

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་༢༠༡༥ལོའི་ལོ་འཁོར་སྙན་ཐོའི་ནང་བོད་དང་ཡུ་གུར་ཕྱོགས་ཀྱི་གནས་ཚུལ་མང་པོ་ཁ་གསལ་འཁོད་འདུག
དེ་ཡང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ཞེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དེས། ཕྱི་ལོ་༢༠༡༥ལོའི་སྙན་ཐོ་དེ་བཞིན་འདི་ཚེས་༢༥ཉིན་འདོན་སྤེལ་གནང་བའི་ནང༌། འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་ཁྱོན་བསྡོམས་༡༦༠ཐམ་པའི་ནང་ལོ་སྔོན་མར་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་ངན་ཇི་བྱུང་གི་གནས་ཚུལ་འགྲེལ་བརྗོད་གནང་ཡོད་པ་དང༌། དེའི་ཁོངས་ནས་རྒྱ་ནག་གི་ཁྱབ་ཁོངས་སུ་ཡོད་པའི་བོད་ཀྱི་ས་ཁུལ་ཞེས་པའི་འགོ་བརྗོད་འོག ཕྱི་ལོ་༢༠༡༤ལོ་གཅིག་པོར་བོད་ནང་བོད་མི་བདུན་གྱིས་རྒྱ་ནག་གི་སྲིད་བྱུས་ལ་ངོ་རྒོལ་གནང་ཆེད་རང་ལུས་མེར་བསྲེག་བཏང་ཡོད་བའི་ཁོངས་ནས་ཉུང་མཐར་བོད་མི་གཉིས་ཀྱི་ཚེ་སྲོག་ཤོར་ཡོད་ཅིང༌། ཕྱི་ལོ་༢༠༡༡གི་ཟླ་བ་༣པ་ནས་སྔ་ལོའི་ལོ་མཇུག་བར་བོད་མི་རང་ལུས་མེར་བསྲེག་བཏང་མཁན་༡༣༡བྱུང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེག་བཏང་མཁན་གྱི་ཤུལ་ལུས་ནང་མི་སྤུན་མཆེད་ཚོར་རང་ལུས་མེར་བསྲེག་གི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འདྲ་མིན་བྱས་ཏེ་སུན་བཙུར་ཧ་ཅང་ཆེན་པོ་བཟོ་གི་ཡོད་པ་དང༌། ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ལ་བཅར་མཁན་དང༌། ཕྱིའི་རྒྱལ་ཁབ་ཁག་གི་ནང་ཡོད་པའི་བོད་མི་རྣམས་དང་འབྲེལ་བ་ཡོད་པ་ཚོར་གོ་གནས་མི་སྤྲོད་པ། ཕྱི་ལོ་༢༠༡༤ལོའི་ཕྱི་ཟླ་༨པའི་ནང་བོད་ཤར་ཕྱོགས་ཁམས་དཀར་མཛེས་ནང་རྒྱ་ནག་གཞུང་གིས་བོད་མི་ཞིག་འཛིན་བཟུང་བྱས་པར་ས་གནས་མང་ཚོགས་ཀྱིས་ངོ་རྒོལ་བྱས་སྐབས། རྒྱ་ནག་གཞུང་གི་ཉེན་རྟོག་པས་མེ་མདའ་བརྒྱབ་ཏེ་ཉུང་མཐར་བོད་མི་བཞི་བསད་པའི་གནས་ཚུལ་བྱུང་བ། དེ་བཞིན་དགོན་སྡེ་ཁག་གི་འགོ་འཁྲིད་དང༌། རྩོམ་པ་པོ་། བོད་པའི་རྩ་དོན་ཐོག་སེམས་འཁུར་བྱེད་མཁན་རྣམས་འཛིན་བཟུང་བྱས་པ་སོགས་རྒྱ་ནག་གི་བཙན་འོག་ཏུ་བོད་ནང་ཡོད་པའི་བོད་མི་ཚོར་མི་རིགས་དབྱེ་འབྱེད་དང༌། ཆོས་དད་དང་སྨྲ་བརྗོད་སོགས་ཀྱི་རང་དབང་མེད་པའི་དཀའ་ངལ་མུ་མཐུད་འཕྲད་བཞིན་ཡོད་པ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་མུ་མཐུད་ཞན་པོ་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད།
ཤིན་ཅང་ཡུ་གུར་མི་རིགས་ཀྱི་ཐད། ཡུ་གུར་མི་རིགས་ཀྱི་ལས་ཞུགས་དང་སློབ་གསོ། སྡོད་ཁང་གླ་གཏོང་སོགས་ཀྱི་ཕྱོགས་ལ་སྤྱི་ཡོངས་ནས་དབྱེ་འབྱེད་དང་ཁྱད་གསོད། དེ་བཞིན་ཆོས་ལུགས་དད་མོས་རང་དབང་བཙན་འཕྲོག ཆབ་སྲིད་ཐོག་ལའང་ཟུར་འབྱེད་བཅས་བྱེད་བཞིན་ཡོད་པ་སོགས་འཁོད་འདུག

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎