རྒྱལ་ཚོགས་ཀྱི་ཨ་རིའི་གཞུང་ཚབ་ཆེན་མོས་བོད་དོན་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུང་འདུག
2020.10.02
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོས་སུད་སིའི་སྐུ་ཚབ་དོན་གཅོད་དང་མཇལ་འཕྲད་སྐབས་བོད་དོན་ཐད་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པ་གསུང་འདུག
སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་རྣམ་གཉིས་སྤྱི་ཟླ་༩་བའི་ཚེས་༣༠་ཉིན། ཨ་རིའི་གཞུང་ཚབ་ཁང་དུ་བཅར་ནས་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ནང་གི་ཨ་མི་རི་ཀའི་སྐུ་ཚབ་ཆེན་མོ་སྐུ་ཞབས་(Andrew Bremberg)་ལགས་དང་ཆུ་ཚོད་གཅིག་ལྷག་རིང་མཇལ་མོལ་གནང་སྐབས། ཁོང་ལ་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་དང་། ངལ་རྩོལ་བསྒྱུར་བཀོད་ཁང་དུ་བོད་མི་འབུམ་གཅིག་ལྷག་བཅུག་དང་འཇུག་བཞིན་པ། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་བཅས་རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༩༥ ཟླ་ ༥ ཟླ་ ༡༧ ཉིན་བཙན་ཁྲིད་གསང་ཉར་བྱས་པ་ནས་བཟུང་ད་བར་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༢༥ འཁོར་བཞིན་པ། དེ་བཞིན་རྒྱ་ནག་གཞུང་གིས་ད་ལྟ་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ཐད་རྩོད་བཞིན་ཡོད་པ་མ་ཟད། རྒྱ་ནག་དམར་ཤོག་གཞུང་ནི་འཛམ་གླིང་ཞི་བདེ་ལ་ཉེན་ཁ་ཆེན་པོ་ཆགས་ཡོད་པ་སོགས་ཀྱི་སྐོར་ངོ་སྤྲོད་གནང་བར། ཨ་རིའི་གཞུང་ཚབ་ཆེན་མོ་མཆོག་གིས་ཐུགས་སྣང་དང་བཅས་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་པ་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།