འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་ནས་རྒྱ་གར་མཐོ་སློབ་ཁག་བཅུ་ལྷག་གི་ནང་བོད་ནང་སྐུ་ལུས་མེར་སྲེག་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ་གྱི་ལས་འགུལ་སྤེལ་བཞིན་པ།
སྤྱི་ཟླ་ ༧ པའི་ཚེས་ ༡༩ ནས་འགོ་འཛུགས་གནང་སྟེ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གིས་ཉིན་ ༡༡ རིང་། རྒྱ་གར་གྱི་མཱངྷྱི་པརདེ་ཤེ་ (Madhya Pradesh) དང་ཆཏི་སིགྷར་ (Chhattisgarh) སོགས་མངའ་སྡེ་ཁག་ཅིག་གི་ནང་ཆེད་བསྐྱོད་ཀྱིས། རྒྱ་གར་གྱི་གཞོན་སྐྱེས་སྤྱི་དང་ཁྱད་པར་མཐོ་སློབ་ཁག་བཅུ་ལྷག་གི་ནང་། བོད་ནང་བོད་མི་ཚོས་འཚེ་མེད་ཞི་བའི་ལམ་ནས་བོད་དོན་འཐབ་རྩོད་གནང་བའི་བརྒྱུད་རིམ་དང་། ལྷག་པར་སྐུ་ལུས་མེ་མཆོད་ཕུལ་ཏེ་བོད་མིའི་རང་དབང་དང་བདེན་དོན་འཐབ་རྩོད་གནང་བའི་གློག་བརྙན་གཟིགས་འབུལ་གྱིས་བོད་དོན་གོ་རྟོགས་སྤེལ་ཐུབ་ཡོད་པ། འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གི་འཛིན་སྐྱོང་འགན་འཛིན་ཚེ་རིང་བསོད་ནམས་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གིས་རྒྱ་གར་གྱི་མཐོ་སློབ་ཁག་ཉི་ཤུ་ཙམ་གྱི་ནང་བོད་དོན་གོ་རྟོགས་སྤེལ་འཆར་ཡོད་པ་དང་། དེང་གི་ཆར་རྒྱ་གར་དང་རྒྱ་ནག་དབར་ས་མཚམས་རྩོད་རྙོག་གི་དཀའ་ངལ་མང་དག་ཅིག་འབྱུང་བཞིན་པའི་གནས་སྐབས་འདིར། བོད་དོན་དྲིལ་བསྒྲགས་ཤུགས་ཆེ་གནང་ཐུབ་ཚེ་བོད་དང་རྒྱ་གར་གཉིས་ཀར་ཕན་ཐོགས་ཡོད་པ་དང་། དམིགས་བསལ་རྒྱ་གར་མཐོ་སློབ་ཁག་གི་སློབ་ཕྲུག་རྣམས་ནི་འབྱུང་འགྱུར་རྒྱ་གར་གཞུང་གི་ལས་དོན་ཆེ་རིགས་གནང་མཁན་ཆགས་ཀྱི་ཡོད་པར་བརྟེན། འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གིས་སློབ་ཕྲུག་ཚོར་བོད་ནང་གི་དངོས་ཡོད་གནས་སྟངས་གོ་རྟོགས་སྤེལ་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང་སྟེ། མཐོ་སློབ་ཁག་ནང་དངོས་བྱུང་གློག་བརྙན་གྱི་གཟིགས་འབུལ་གྱིས་གོ་རྟོགས་སྤེལ་བ་བརྒྱུད། རྒྱ་གར་མཐོ་སློབ་ཁག་ཅིག་གིས་ས་མཚམས་ཆབ་སྲིད་དང་འབྲེལ་བའི་སློབ་ཚན་ནང་བོད་དོན་སྐོར་བཅུག་འཆར་ཡོད་སྐོར་ཀྱང་འགྲེལ་བརྗོད་གནང་གི་འདུག
རྒྱ་གར་ནང་སྤྱིར་བཏང་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གི་མཚན་སྙན་གཟི་བྱིན་དང་བོད་མིའི་སྒྲིག་འཛུགས་བཅས་ཡོད་པ་ལ་བརྟེན་ནས། རྒྱ་གར་གྱི་གནད་ཡོད་མི་སྣ་དང་མི་མང་གི་ཁྲོད་བོད་དོན་གོ་རྟོགས་གང་ལེགས་ཤིག་ཡོད་ནའང་། རྒྱ་གར་དབུས་ཁུལ་གྱི་ (Madhya Pradesh) མངའ་སྡེ་དང་ (Chhattisgarh) མངའ་སྡེ་གཉིས་ཀྱི་ནང་བོད་དོན་མཁྱེན་རྟོགས་གང་ཙམ་ཞན་པོ་ཡོད་པས། འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གིས་ཆེད་དམིགས་སྐུ་ལུས་མེ་མཆོད་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ་དང་བོད་དོན་བགྲོ་གླེང་སོགས་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།