ཡེ་ཤུའི་ཆོས་དཔོན་ཊུ་ཊུ་མཆོག་བཞུཊ་སྒར་རྡ་རམ་ས་ལར་ཕེབས་པ།
2015.04.19
ཡེ་ཤུའི་ཆོས་དཔོན་ཊུ་ཊུ་མཆོག་བཞུགས་སྒར་རྡ་རམ་ས་ལར་ཕེབས་པར་༧གོང་ས་མཆོག་སྐུ་དངོས་ཀྱིས་གནམ་ཐང་ནས་ཕེབས་བསུ་གནང་བ།
དེ་ཡང་ལྷོ་ཨ་ཧྥེ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཟུར་པ་དང་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་པ་པོ་Desmond TuTuམཆོག་ཕྱི་ཟླ་༤ཚེས་༡༨ཉིན་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་དངོས་གནམ་ཐང་དུ་ཕེབས་བསུར་ཆིབས་བསྒྱུར་གནང་ཡོད་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཧ་ཅང་ཆེན་པོ་ཡོད་པ་Desmond TuTu་མཆོག་བཞུགས་སྒར་རྡ་རམ་ས་ལར་གཟའ་འཁོར་གཅིག་ཙམ་རིང་བཞུགས་གནང་རྒྱུ་ཡིན་འདུག་ཅིང་། ཐེངས་འདིའི་ཕེབས་དོན་གཙོ་བོ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་Desmond TuTuརྣམ་གཉིས་ཟུང་སྦྲེལ་གྱི་ཐོག་ནས་དགའ་ཚོར་རམ་བདེ་སྐྱིད་ཅེས་བའི་ཕྱག་དེབ་ཞིག་འབྲི་གནང་མཛད་རྒྱུ་ཡིན་པ་དེའི་ཐོག་ཕན་ཚུན་བགྲོ་གླེང་མཛད་རྒྱུ་དེ་ཡིན་འདུག ཚེས་༡༨ཉིན་༧གོང་ས་མཆོག་དང་ཆིབས་གྲོའི་ནང་ལྷན་ཞུགས་ཐོག་༧རྒྱལ་བའི་གཟིམ་ཆུང་དུ་ཐད་ཀར་ཆིབས་བསྒྱུར་གྱིས་ཉིན་གུང་ལྗགས་སྨིན་ལྷན་བཞེས་མཛད་ཡོད་པ་རེད། དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་འགྲེལ་བརྗོད་གནང་པར་ལྟར་ན། ཕྱི་ཚེས་༢༠ནས་༢༤སྟེ་གཟའ་ཟླ་བ་ནས་པ་སངས་བར་ཉིན་ལྟར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་Desmond TuTuརྣམ་གཉིས་མཇལ་འཛོམས་གནང་སྟེ་གོང་གི་ཕྱག་དེབ་ཐོག་ཕྱག་ལས་གནང་རྒྱུ་ཡིན་འདུག ཐོན་ལ་ངེས་པའི་ཕྱག་དེབ་འདིའི་ཐད་ཉེ་ཆར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཚུགས་པའི་དཔེ་དེབ་འགྲེམ་ཚོང་གི་ཚོགས་འདུའི་ཐོག་མི་ཚོས་དོ་སྣང་ཆེ་ཤོས་བྱེད་ས་ཞིག་ཏུ་གྱུར་ཡོད་པ་རེད། ལྷོ་ཨ་ཧྥེ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཟུར་པ་Desmond TuTu་མཆོག་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་པ་ཐེངས་མ་གཉིས་པ་དེ་ཡིན་ཞིང་། ༢༠༡༢ལོའི་ཕྱི་ཟླ་གཉིས་པའི་ནང་ཐེངས་མ་དང་པོར་ཕེབས་ཡོད་པ་རེད། Desmond TuTuམཆོག་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་པ་དང་འབྲེལ་བའི་གནས་ཚུལ་རྒྱས་པ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་རྡ་རམ་ས་ལ་ནས་བཏང་གནང་པ་དེ་གསན་རོགས་གནང་།