བོད་ཁམས་རྟའུ་ཉ་མཚོ་དགོན་པར་དམ་བསྒྲགས།
2011.08.16
༄༅༎རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་ཆེད་འདི་ཚེས་ ༡༥ ཉིན་བོད་ཤར་ཕྱོགས་ཁམས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེ་བསྲེག་བཏང་བའི་གནས་ཚུལ་བྱུང་བའི་རྗེས། ད་ཆ་རྒྱ་ནག་གཞུང་གིས་ཁུལ་དེར་དམག་དཔུང་འཕོན་ཆེ་འགྲེམས་འཇོག་གིས་དགོན་པ་མཐའ་བསྐོར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཞིག་གིས་ཞལ་དཔར་བརྒྱུད་གནས་ཚུལ་འགྲེལ་བརྗོད་གནང་བར་གཞིགས་ན། དགེ་འདུན་པ་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེ་བསྲེག་བཏང་བའི་གནས་ཚུལ་བྱུང་བའི་ཉིན་གཉིས་པ་སྟེ་འདི་ཚེས་ ༡༦ ཉིན་རྒྱ་མིའི་དམག་དཔུང་ཆིག་སྟོང་ཙམ་གྱིས་དགོན་པ་མཐའ་བསྐོར་བྱས་ནས་བསྡད་ཡོད་པ་མ་ཟད། དགོན་པར་ཆུ་གློག་དང་དགོས་མཁོའི་ཟ་ཆས་ཀྱི་རིགས་ཡོངས་རྫོགས་བཀག་འགོག་བྱས་ཡོད་སྐོར་དང༌། ཡང་རྟའུ་གྲོང་ཚོའི་ནང་ཡོད་པའི་ཟ་ཁང་གི་སྦྱིན་བདག་ཞིག་གིས་ཕེ་རནས་གསར་ལས་ཁང་ལ་གནས་ཚུལ་ངོ་སྤྲོད་བྱས་པའི་ནང༌། ད་ཆ་རྒྱ་མིའི་དམག་དཔུང་གིས་ཉ་མཚོ་དགོན་པ་མཐའ་བསྐོར་བྱས་པ་ཙམ་མ་ཟད། རྟའུ་གྲོང་ཁྱེར་གྱི་གཞུང་ལམ་ཁག་ཏུའང་དམག་དཔུང་དང་ཉེན་རྟོག་པ་འཕོན་ཆེ་འགྲེམས་འཇོག་བྱས་ཡོད་པ་དང༌། དེ་བཞིན་ཟ་ཁང་དང་མགྲོན་ཁང་བཅས་པར་ ཕྱི་རྒྱལ་གྱི་འགྲུལ་པ་འཇོག་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་སྐོར་གསུང་འདུག ད་ལམ་རང་ལུས་མེ་བསྲེག་གཏོང་མཁན་ རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུ་ལགས་ནི་དགུང་གྲངས་ ༢༩ ལ་ཕེབས་ཀྱི་ཡོད་པ་དང༌། ཁོང་གིས་འདི་ཚེས་ ༡༥ ཉིན་རང་གི་ལུས་པོར་ས་སྣུམ་གཏོར་ནས་མེ་སྤར་བ་དང་སྦྲགས་ ང་ཚོ་བོད་པ་ཚོར་རང་དབང་དགོས། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུས་དགོས། སོགས་ཀྱི་སྐད་འབོད་གནང་ཡོད་པ་རེད། ད་ལམ་ཁམས་རྟའུའི་ནང་བྱུང་བའི་གནས་ཚུལ་དེ། བོད་པའི་དགེ་འདུན་པ་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་ཆེད་ རང་ལུས་མེ་བསྲེག་བཏང་བ་ཐོག་མ་དེ་མིན་ཅིང༌། དེའི་གོང་འདི་ལོའི་ཕྱི་ཟླ་ ༣་ པའི་ནང་མདོ་སྨད་ཨ་མདོ་ཀིརྟི་དགོན་པའི་དགེ་འདུན་པ་ཕུན་ཚོགས་ཞུ་བ་ཞིག་གིས་ཀྱང་ རང་ལུས་མེ་བསྲེག་བཏང་ཏེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་བྱུང་ཡོད་པ་རེད།