འབར་མའི་དམངས་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་སུའུ་ཀིའི་སྐོར།
2009.08.21
༄༅༎ཨེ་ཤེ་ཡའི་ཡུལ་གྲུ་ཁག་གི་དཔོན་རིགས་ཚོས་འབར་མ་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སང་སུའུ་ཀི་གློད་བཀྲོལ་དགོས་པའི་ཛ་དྲག་གི་དགོས་འདུན་བཏོན་གནང་ཡོད་པ་རེད།
ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུའི་མཐུན་ཕྱོགས་ཡུལ་གྲུའི་དཔོན་རིགས་ཚོས་ཐུན་མོང་ཐོག་ནས་འབར་མའི་ཕྱི་སྲིད་ལས་ཁང་བརྒྱུད་འབར་མ་དྲག་པོའི་གཞུང་གིས་འབར་མ་ཕྱོགས་འགལ་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སང་སུའུ་ཀི་གློད་བཀྲོལ་གཏོང་རྒྱུའི་ཛ་དྲག་གི་འབོད་སྐུལ་ཞུས་པའི་སྐོར་ཨིན་ཌོ་ནེ་ཤི་ཡའི་ཕྱི་སྲིད་ལས་ཁང་གིས་གཟའ་པ་སངས་ཉིན་གནས་ཚུལ་ཕྱིར་བསྒྲགས་གནང་ཡོད་པ་རེད། ཨིན་ཌོ་ནེ་ཤི་ཡའི་རྒྱལ་ས་ཇ་ཀར་ཊའི་ནང་ཚོགས་བཞིན་པའི་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཕྱོགས་ཡུལ་གྲུའི་བདེ་འཇགས་གནད་དོན་སྐོར་གྱི་ལྷན་ཚོགས་ཀྱི་སྐུ་ཚབ་གྲས་སུ་ཕེབས་པའི་ཨིན་ཌོ་ནེ་ཤི་ཡའི་དཔོན་རིགས་ནས་གསུངས་ན་ང་ཚོས་ལྕམ་ཨང་སང་སུའུ་ཀིའི་གནད་དོན་ཐོག་སེམས་འཚབ་ཡོད་པའི་སྐོར་ཐུན་མོང་གི་གསལ་བསྒྲགས་སྤེལ་བ་ཞིག་ཡིན་པ་དང་ཡིན་ནའི་ཐག་གཅོད་ཕྱི་སྲིད་ལས་ཁང་གིས་གནང་རྒྱུ་ཡིན་པ་གསུངས་བཞག ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཕྱོགས་ཡུལ་གྲུའི་སྲིད་བྱུས་ནས་མཐུན་ཕྱོགས་ཡུལ་གྲུའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུ་མེད་པ་ཁ་གསལ་འཁོད་ཡོད་པ་དང་གལ་སྲིད་ད་རེས་འབར་མའི་དྲག་པོའི་གཞུང་གིས་གོང་ཞུས་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཕྱོགས་ཡུལ་གྲུའི་དགོས་འདུན་བཞིན་ཁས་ལེན་བྱས་ཚེ་འབར་མ་དྲག་པོའི་གཞུང་ལ་ལྕམ་ཨང་སང་སུའུ་ཀིའི་བསྐྱར་དུ་བཟང་བཙོན་ལ་བཅུག་རྒྱུའི་ཁྲིམས་ཐག་བཅད་པར་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་པ་ལས་གཡོལ་ཐུབ་རྒྱུ་ཡིན་ཞིང་ལྕམ་ཨང་སང་སུའུ་ཀི་འདས་པའི་ལོ་ངོ་ཉི་ཤུའི་རིང་ལོ་བཅུ་བཞི་བཟང་བཙོན་དུ་བཞུགས་ཡོད་པ་དང་ད་རེས་འབར་མ་དྲག་པོའི་གཞུང་གིས་ལྕམ་ཨང་སང་སུའུ་ཀིའི་གཟིམ་ཁང་དུ་ཨ་རི་བ་ཞིག་གསང་བའི་ཐོག་ནས་འཛུལ་བའི་ཉེས་བཙུགས་ཀྱིས་ཁོང་ལ་བསྐྱར་དུ་ཟླ་བ་བཅོ་བརྒྱད་རིང་བཟང་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པར་བརྟེན་འབར་མའི་ནང་དུས་སང་འོས་འདེམས་སྤེལ་བའི་སྐབས་ལྕམ་ཨང་སང་སུའུ་ཀི་འོས་བསྡུའི་ནང་བཞུགས་ཐུབ་ཐབས་མེད་པ་རེད།