རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཨེ་ཤེ་ཡ་ཁུལ་གྱི་ལྷན་ཚོགས།
2015.11.09

བོད་མིའི་སྒྲིག་འཛུཊ་ནི་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ལྟེ་གནས་ཡིན་པས་དེ་ལ་རྒྱབ་སྐྱོར་གལ་ཆེན་ཡིན་པ་སྲིད་སྐྱོང་གིས་གསུངས་བ།
དེ་ཡང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་གོ་སྒྲིག་འོག ཨེ་ཤེ་ཡ་ཁུལ་གྱི་ལྷན་ཚོགས་ཐེངས་༤པ་དེ་དེ་རིང་ཕྱི་ཚེས་༩་ནས་བཟུང་ཉིན་གྲངས་གསུམ་རིང་བཞུགས་སྒར་རྡ་རམ་ས་ལར་སྐོངས་འཚོགས་གནང་བཞིན་ཡོད་པ་རེད།
ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག དེ་བཞིན་རྒྱ་གར་དང་། ཨ་རི། དབྱིན་ཇི། ཐེ་ཝན། བྷང་ལ་དེ་ཤི། ལཱ་ཏིན་ཨ་མི་རི་ཁ། ཁེ་ན་ཊ། མ་ལེ་ཤི་ཡ། ཧྥི་ལི་པིན། ཨི་ཊ་ལི་བཅས་རྒྱལ་ཁབ་ཁག་བཅུ་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་བཅུ་བཞིའི་ཚོགས་བཅར་བ་གྲངས་༤༦ཙམ་མཉམ་ཞུགས་གནང་ཡོད་པ་དང་། བོད་དོན་འབྲེལ་མཐུད་ལས་ཁང་གིས་བོད་ཕྱི་ནང་གཉིས་ནས་བོད་དོན་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་ལམ་མི་འདྲ་བ་གང་དང་གང་བེད་སྤྱོད་བྱེད་ཀྱི་ཡོད་མེད་ཐད་ཞིབ་འཇུག་གནང་བའི་བོད་དབྱིན་གཉིས་ཐོག་ཡོད་པའི་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཐབས་བྱུས་སྙན་ཐོ་ཞེས་པ་དེ་སྲིད་སྐྱོང་མཆོག་དང་། ཕྱི་དྲིལ་བཀའ་བློན་མཆོག་རྣམ་གཉིས་ནས་དབུ་འབྱེད་གནང་ཡོད་པ་རེད།
ལྷན་ཚོགས་དེའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུངས་དོན། བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ཧ་ཅང་རྩ་ཆེན་པོ་རེད། ང་ཚོའི་ངོས་ནས་ཁོང་ཚོར་འབུལ་རྒྱུ་གང་ཡང་མེད་ཀྱང་ཁོང་ཚོས་མ་སྐུལ་དང་བླངས་ཀྱི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ཡིན་ཞུས་ན། མི་འབོར་གྱི་ཐོག་ནས་བལྟས་པ་ཡིན་ན། ང་ཚོ་བོད་མི་ས་ཡ་དྲུག་རེད། རྒྱ་ནག་མི་འབོར་ཧ་ཅང་ཆེན་པོ་ཡོད། ང་ཚོ་བོད་པ་མི་འབོར་ཉུང་ཉུང་ཞིག་ལས་མེད་ཀྱང་འབོད་སྒྲ་དང་དམིགས་ཡུལ་དེ་དག་བོད་དོན་རྒྱབ་སྐྱོར་བ་ཚོས་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་ཐུབ་པ་གནང་བ་དེ་ཁོང་ཚོས་སྐུ་ལས་བསྐྱོན་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བར་བརྟེན་ངས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
ད་དུང་སྲིད་སྐྱོང་མཆོག་གིས། བོད་དོན་རྒྱབ་སྐྱོར་ཟེར་དུས་ང་ཚོའི་ངོས་ནས་རེ་བ་ག་རེ་ཞུ་ཡི་ཡོད་བརྗོད་ན། ད་ལྟའི་བོད་ནང་གི་བོད་མི་རྣམས་རྒྱ་གཞུང་གི་བཙན་བཟུང་འོག་ཡོད་པ་དང་། བོད་ཀྱི་ཁོར་ཡུག་གཏོར་བཤིག་དང་རིག་གཞུང་རྩ་མེད་བཟོ་བཞིན་ཡོད་པའི་གནད་དོན་དེ་དག་རྒྱལ་སྤྱིའི་ཐོག་ཁྱབ་བརྡལ་གནང་ཐུབ་པ་གནང་རྒྱུ་གལ་ཆེན་པོར་རྩིས་བཞིན་ཡོད་ཅེས་བོད་དོན་ཐོག་མུ་མཐུད་དུ་རྒྱབ་སྐྱོར་དང་ལྷག་པར་བོད་མིའི་སྒྲིག་འཛུགས་འདི་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ལྟེ་གནས་ཡིན་ལ། དེ་གལ་ཆེ་ཤོས་ཤིག་ཡིན་པས་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད་ཅེས་སོགས་གསུངས་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོན།
ཞིན་ཕྲ་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།