ཨ་ཚོགས་དགོན་པ་དམ་དྲགས་སྟངས་འཛིན་འོག་གཏོར་བཤིག་གནས་སྤོ་བྱེད་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དཔའ་ཁ་གྲོང་རྡལ་ཉེ་འགྲམ་དུ་རྨ་ཆུ་གཙང་བོར་གློག་འདོན་ས་ཚིགས་རྒྱག་ཆེད། ཡུལ་དེའི་ཉེ་འགྲམ་དུ་ཆགས་ཡོད་པའི་ཨ་ཚོགས་དགོན་གནས་སྤོ་མགོ་ཚུགས་ཡོད་པ་བཞིན། ད་ལྟའི་ཆར་མུ་མཐུད་དགོན་པའི་གྲྭ་ཤག་དང་ལྷ་ཁང་ཁག་གཏོར་བཤིག་གཏོང་གི་ཡོད་པ་དང་། དགོན་པ་གཏོར་བཤིག་གཏོང་བཞིན་པ་བརྙན་དང་པར་སོགས་བླངས་མི་ཆོག་པ་མ་ཟད།མཚམས་མཚམས་ཉེན་རྟོག་པ་ཡོང་སྟེ་ལྟ་བཤེར་བྱེད་བཞིན་ཡོད་པ་དང་། ཕྱི་ཟླ་ ༥་ནང་ཡུལ་མི་ཞིག་གིས་དགོན་པའི་ལྷ་བརྟེན་ཁག་གནས་སྤོ་བྱེད་བཞིན་པ་བརྙན་ལ་བླངས་ཏེ། སྤྱི་ཚོགས་དྲ་ལམ་དུ་རྒྱུད་སྤེལ་བྱས་རྐྱེན་འཛིན་བཟུང་འདྲི་རྩད་སོགས་བྱས་ཏེ་ཀློད་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། ད་ལྟའི་ཆར་དགོན་པ་གནས་སྤོ་ཡུལ་དུ་འཛུགས་སྐྲུན་མགོ་ཚུགས་ཙམ་ལས།དགོན་པའི་འདུ་ཁང་སོགས་གང་ཡང་བཞེངས་སྐྲུན་ཚར་མེད་སྟབས།དགོན་པའི་ལྷ་བརྟེན་མཆོད་གསུམ་སོགས་སྒམ་ནང་དུ་བཅུག་ནས་ཉེ་འཁོར་གྲོང་ཚོ་གཅིག་གི་ནང་དུ་བདག་ཉར་བྱས་ཡོད་པ་དང་། ས་གནས་ཡུལ་མི་ཚོར་དགོན་པའི་སྐོར་ནས་སྐད་ཆ་བཤད་མི་ཆོག་པ་མ་ཟད། དགོན་པ་གཏོར་བཤིག་གཏོང་ཡུལ་དང་གནས་སྤོ་བྱེད་ཡུལ་ས་གནས་གཉིས་ལ་གང་བྱུང་འགྲོ་སྐྱོད་མི་ཆོག་པ་དང་། གལ་ཏེ་འགྲོ་དགོས་བྱུང་བ་ཡིན་ན་པར་དང་བརྙན་རྩ་ནས་བླངས་མི་ཆོག་པའི་དམ་དྲགས་བྱས་ཡོད་སྟབས།ས་གནས་ཡུལ་མི་ཚོས་གནས་ཚུལ་ག་རེ་བྱུང་གི་ཡོད་ན་མི་ཤེས་མདོག་སྟོན་པ་ལས་ཐབས་ཤེས་གང་ཡང་མེད་པ་སོགས་བརྗོད་བྱུང་།
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༡༢ ནས་ས་གནས་དེའི་རྨ་ཆུའི་བཞུར་རྒྱུན་ལ་གློག་འདོན་ཆུ་མཛོད་ས་ཚིགས་རྒྱག་འཆར་དང་འབྲེལ།ཕྱི་ལོ་ ༢༠༢༤ ལོའི་ལོ་མགོ་ནས་བཟུང་རྒྱ་ནག་གཞུང་འབྲེལ་ངོས་ནས་ཡུལ་དེའི་རྨ་ཆུའི་འགྲམ་རྒྱུད་དུ་ཆགས་པའི་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་གནས་སྤོ་མགོ་འཛུགས་དང་། ཨ་ཚོགས་དགོན་པ་དེ་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཁུངས་ནས་རྩིས་མེད་བཏང་ཡོད་པ་མ་ཟད། ས་གནས་དགོན་གྲོང་གཉིས་ལ་འདོད་མོས་མེད་བཞིན་དུ་བཙན་ཐབས་ཀྱིས།དགོན་པ་དཔལ་ཁ་གྲོང་རྡལ་དང་ཐག་ཉེ་བའི་ཁྱོ་དཀར་སྣག་ལོ་ཞེས་པའི་ས་གནས་སུ་གནས་སྤོ་བྱེད་བཞིན་ཡོད་པ་རེད།
ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་ནི། ཕྱི་ལོ་ ༡༨༨༩ ལོར་ཨ་ཚོགས་མཆོག་སྤྲུལ་དཀོན་མཆོག་ཆོས་དར་མཆོག་གིས་ཕྱག་བཏབ་པ་དང་། ད་ལྟའི་ཆར་དགོན་པ་དེར་སློབ་གཉེར་གནང་མཁན་དགེ་འདུན་པ་ ༡༥༧ ལྷག་ཡོད་འདུག་ལ། དགོན་པ་དེ་ཕྱག་བཏབ་ནས་ད་བར་ལོ་ངོ་ ༡༣༠ ལྷག་འགྲོ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ལོ་ནས་བཟུང་རྒྱ་གཞུང་གིས་དགོན་པ་དེར་ལོ་ཆུང་གྲྭ་རྒྱུན་གསར་ཞུགས་མི་ཆོག་པའི་ཚོད་འཛིན་དམ་དྲགས་སོགས་བྱས་ཡོད་པ་རེད་འདུག
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། བསྟན་འཛིན་དོན་ཡོན།