ཨའོསི་ཊེ་ལི་ཡང་ནང་བོད་དོན་ཞུ་གཏུག།
2013.03.16

༄༅༎བོད་ནང་བོད་མི་མང་པོས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་བ་དང་། རྒྱ་ནག་གཞུང་གིས་བོད་མི་ཚོའི་ཐོག་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་དང་གཏོང་བཞིན་ཡོད་པའི་ཛ་དྲག་གི་གནས་སྟངས་ཀྱི་དུས་སྐབས་འདིར། ཨའོསི་ཊེ་རི་ལི་ཡའི་ནང་ཡོད་པའི་ ATC ཨའོསི་ཊེརི་ལི་ཡ་བོད་ཀྱི་ལྷན་ཚོགས་དང། ཨའོསི་ཊེརི་ལི་བོད་རིགས་རྒྱལ་ཡོངས་སྤྱི་མཐུན་ཚོགས་པ་མཉམ་འབྲེལ་གྱི་ཐོག་ནས། ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ཡུལ་དེའི་དབུས་རྒྱལ་ཡོངས་གྲོས་ཚོགས་ཀྱི་ནང་བོད་དོན་ཞུ་གཏུག་དང་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ཞི་བའི་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་རྒྱུ་ཡིན་འདུག།
དེ་ཡང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ཨའོསི་ཊེརི་ལི་ཡའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བར་གཞིགས་ན། ཨའོསི་ཊེརི་ལི་ཡའི་བོད་ཀྱི་ལྷན་ཚོགས་ཀྱིས་སྣེ་འཁྲིད་འོག་རྒྱལ་ཡོངས་གྲོས་ཚོགས་ནང་བོད་དོན་ཞུ་ཏུག་གི་ལས་འགུལ་སྤེལ་རྒྱུ་དང། ཡང་ཨའོསི་ཊེ་རི་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་བསྒྲིག་འོག་རྒྱལ་ས་ཀན་བེ་ར་དང་དེ་མིན་གྱི་ས་གནས་གང་སར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་དང་ཡན་ལག་གཞུང་ཚབ་ལས་ཁུངས་ཁག་ཏུ་ངོ་རྒོལ་རྔམ་སྟོན་ཁྲོམ་བསྐོར་གྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག་ཅིང། ལས་འགུལ་དེ་དག་གི་ནང་རྒྱ་བོད་མཛའ་འབྲེལ་ཚོགས་པའི་ཁོངས་ཀྱི་རྒྱ་རིགས་ཁག་ཀྱང་མཉམ་ཞུགས་གནང་རྒྱུ་ཡིན་འདུག།
གྲོས་ཚོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཆེ་ཤོས་སྤེལ་ས་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡིན་ཞིང། འཛམ་གླིང་གྲོས་ཚོགས་ཁག་གི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་དེ་དག་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི། གྲོས་ཚོགས་ཀྱི་ཚོགས་མི་ཚོས་བོད་དོན་ཐད་མུ་འཐུད་རྒྱབ་སྐྱོར་ཡོང་ཐབས་བོད་དོན་དེ་མི་དམངས་ཀྱི་ཐད་ཀར་འོས་འདེམས་ཞུས་པའི་སྒྲིག་འཛུགས་དེ་དག་གི་ནང་གསོན་པོར་གནས་ཐབས་སོགས་ཀྱི་ཆེད་ཡིན་པ་རེད།།