རྦ་རེན་ཡུལ་ནང་ངོ་རྒོལ་བ་དང་ཉེན་རྟོག་པ་གདོང་ཐུག།
2011.02.18
༄༅༎དེ་རིང་ཕྱི་ཚེས་༡༨ཉིན་དཀྱིལ་ཤར་ཡུལ་གྲུ་རྦ་རེན་ཡུལ་ནང་ངོ་རྒོལ་བ་མི་མང་ཁྲི་ཕྲག་མང་པོས་གཟའ་ཕུར་བུའི་ཉིན་མང་ཚོགས་ཞི་བའི་ངོ་རྒོལ་བ་ཚོ་དང་བདེ་འཇགས་སྲུང་སྐྱོབ་དམག་མིའི་དབར་གདོང་ཐུག་བྱུང་ནས་ངོ་རྒོལ་བ་བཞི་བདེ་འཇགས་མི་སྣའི་མེ་མདའི་འོག་རྐྱེན་འདས་སུ་ཕྱིན་པ་ཚོར་མྱ་ངན་གྱི་འདུ་འཛོམས་ནང་ཞུགས་ཡོད་པ་དང་ འདུ་འཛོམས་ནང་ཞུགས་མཁན་ཚོས་སྲིད་གཞུང་ལ་ངོ་རྒོལ་གྱི་འབོད་ཚིག་སྒྲོག་ཡོད་པ་མ་ཟད་ཁག་ཅིག་གིས་མ་ཤི་བར་འཐབ་རྩོད་བྱ་རྒྱུའི་འདུན་པ་ཡང་བཏོན་ཡོད་འདུག
ད་ལྟའི་ཆར་ད་རེས་ཀྱི་བདེ་འཇགས་ཉེན་རྟོག་པས་མེ་མདའ་རྒྱབ་ནས་རྐྱེན་འདས་སུ་བཏང་བ་ཚོར་མྱ་ངན་འདུ་འཛོམས་དེར་ཉེན་རྟོག་པ་དང་དམག་དཔུང་གིས་དྲག་གནོན་དང་འགོག་རྐྱེན་བཟོས་མེད་ཅིང་ དེ་རིང་གི་འདུ་འཛོམས་དེ་བཞིན་གཟའ་འཁོར་སྔོན་མ་ནས་བཟུང་སྲིད་གཞུང་ལ་ངོ་རྒོལ་གྱི་འདུ་འཛོམས་ཆེ་ཤོས་དེ་ཡིན་འདུག དེ་དང་ཕྱོགས་མཚུངས་ཚོུད་ཁ་ཤས་གོང་གཞུང་གིས་ཡུལ་ནང་འདུ་འཛོམས་དང་རྔམ་སྟོན་ཁྲོམ་བསྐོར་བྱེད་མི་ཆོག་པ་ཕྱིར་བསྒྲགས་བྱས་ཡོད་ཀྱང་རྦ་རེན་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཀྱང་རྔམ་སྟོན་ཁྲོམ་བསྐོར་གྱི་ལས་འགུལ་སྤེལ་འཆར་ཡོད་ཅིང་རྦ་རེན་གྱི་ཁྲོམ་གཞུང་དང་ས་གནས་མང་པོ་ཞིག་ཏུ་ལྕགས་ཁྲབ་འཁོར་ལོ་འགྲེམས་འཇོག་བྱས་ནས་གནས་སྟངས་ཧ་ཅང་གི་ཛ་དྲག་ཡོད་པ་དང་ མྱ་ངན་གྱི་ངོ་རྒོལ་འདུ་འཛོམས་ནང་བཞུགས་མཁན་ཞིག་གིས་བི་བིའི་སེའི་གསར་འགྱུར་བརྒྱུད་ལམ་ལ་གཅིག་བྱས་ན་དྲག་ཟིང་དང་གདོང་ཐུག་གི་གནས་ཚུལ་ཡོང་སྲིད་པ་གསུང་འདུག ལྦ་རེན་ཡུལ་གྱི་གཞུང་ལ་ངོ་རྒོལ་རྔམ་སྟོན་བྱེད་མཁན་མང་ཆེ་བ་ཤིཡ་ཁ་ཆེའི་ཆོས་ལུགས་ལ་དད་ཞེན་བྱེད་མཁན་ཚོ་ཡིན་ཞིང་ ངོ་རྒོལ་བ་ཚོས་སུན་ནི་ཁ་ཆེའི་ཆོས་ལུགས་གྲུབ་ཐའི་དད་ཞེན་བྱེད་མཁན་གྱི་རྒྱལ་རྒྱུད་ཀྱིས་འདས་པའི་ལོ་ངོ་བརྒྱ་གྲངས་རིང་ཡུལ་དེའི་དབང་འཛིན་བྱེད་བཞིན་པ་ཕྱིར་བཤོལ་བྱེད་དགོས་པའི་ངོ་རྒོལ་རྔམ་སྟོན་བྱེད་ཀྱི་ཡོད་པ་དང་ དེའི་ཐོག་ནུབ་ཕྱོགས་ཡུལ་གྲུ་ཚོས་རྦ་རེན་ཡུལ་གྱི་ངོ་རྒོལ་བ་ཚོར་བཟོད་སྒོམ་བྱས་ནས་ཡུལ་དེའི་ལམ་ལུགས་ལ་དོན་སྙིང་ལྡན་པའི་བསྒྱུར་བཅོས་བྱ་རྒྱུའི་སྐུལ་མ་གནང་གི་ཡོད་འདུག