བོད་ནང་ཕེབས་རྒྱུར་བཀག་འགོག
2013.02.28
༄༅། །Australia མཐོ་རིམ་ཕྱི་འབྲེལ་དཔོན་རིགས་བོད་ནང་གཟིགས་ཞིབ་ཏུ་ཕེབས་རྒྱུར་རྒྱ་ནག་གཞུང་གིས་བཀག་བསྡོམས་བྱས་པའི་རྗེས་སུ་ད་ལྟ་ཁེ་ཎ་ཌའི་གཞུང་ཚབ་ཀྱི་སྐུ་ཚབ་བོད་ནང་རྟོག་ཞིབ་ཏུ་ཕེབས་རྒྱུར་ཡང་རྒྱ་ནག་གཞུང་གིས་བཀག་བསྡོམས་བྱས་ཡོད་པ་རེད། དེ་ཡང་བོད་ནང་གི་བོད་མི་རྣམས་ནས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་བོད་ནང་གི་བོད་མི་༡༠༧ནས་རང་ལུས་མེར་སྲེག་བཏང་པའི་གནས་ཚུལ་བྱུང་ཡོད་པར་བརྟེན། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བཅའ་བཞུགས་ཁེ་ཎ་ཌའི་གཞུང་ཚབ་ཆེན་མོས་བོད་ནང་གི་དངོས་ཡོད་གནས་ཚུལ་དེར་རྟོག་ཞིབ་ཆེད་བོད་ནང་ཕེབས་རྒྱུར་རྒྱ་ནག་གཞུང་ལ་ཆོག་མཆན་ཞུས་ཡོད་ཀྱང་རྒྱ་གཞུང་ནས་དེར་ཁས་ལེན་བྱས་མེད་པ་རེད།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ད་རེས་ཁེ་ཎ་ཌའི་རྒྱལ་ས་ཨོ་ཊ་ཝར་རྒྱལ་ཡོངས་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང༌། ལྷག་པར་དུ་བོད་ནང་གི་རང་ལུས་མེར་སྲེག་དང་བོད་ནང་རྒྱ་ནག་གཞུང་གིས་འཛིན་པའི་དྲག་གནོན་གྱི་སྲིད་བྱུས། དེ་བཞིན་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་མེད་པ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།།