གྷུ་གྷལ་ས་ཁྲའི་ཐོག་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་ལ་མིང་འདོགས་སྟངས་ཐོག་ནས་རྒྱ་ནག་དང་ཕི་ལི་པིན་བར་གྱི་འགལ་ཟླ་བསྐྱར་བསླངས།

2025.04.17
གྷུ་གྷལ་ས་ཁྲའི་ཐོག་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་ལ་མིང་འདོགས་སྟངས་ཐོག་ནས་རྒྱ་ནག་དང་ཕི་ལི་པིན་བར་གྱི་འགལ་ཟླ་བསྐྱར་བསླངས། ལས་འགུལ་བ་ཞིག་གིས་ནུབ་ཕི་ལི་པིན་རྒྱ་མཚོ་སྲུང་སྐྱོབ་བྱོས་ཞེས་པའི་འབོད་ཚིག་སྟོན་བཞིན་པ། ༢༠༢༡།༧།༡༢
Reuters

ཉེ་ཆར་གྷུ་གྷལ་ས་ཁྲའི་ཐོག་ཕི་ལི་པིན་གྱི་ནུབ་ཕྱོགས་སུ་ཡོད་པའི་རྒྱ་མཚོའི་སྟེང་དུ་ "ནུབ་ཕི་ལི་པིན་རྒྱ་མཚོ་" ཞེས་པའི་མིང་གསལ་པོར་བཀོད་པ་དེས། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཞེས་འབོད་པའི་མཚོ་ཁུལ་དེའི་རྩོད་རྙོག་བསྐྱར་དུ་བསླངས་ཡོད།

ཕི་ལི་པིན་གཞུང་གིས་ཕྱི་ལོ་ ༢༠༡༡ ནས་བཟུང་རང་ཉིད་ཀྱི་དམིགས་བསལ་དཔལ་འབྱོར་ས་ཁུལ་ལམ་ (EEZ) ནང་གི་མཚོ་ལམ་ཐོབ་ཐང་མ་ཤོར་བའི་ཆེད་དུ་ "ནུབ་ཕི་ལི་པིན་རྒྱ་མཚོ་" ཞེས་པའི་མིང་བེད་སྤྱོད་བྱས་ཏེ། རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོ་རྒྱ་ནག་གི་ཡིན་སྐོར་ཤོད་བཞིན་པར་གདོང་ལེན་བྱས་ཡོད་ཀྱང་།  རྒྱ་ནག་གཞུང་གིས་ཐ་སྙད་དེ་ངོས་ལེན་མ་བྱས་པ་མ་ཟད།  རྒྱ་མཚོ་ཡོངས་སུ་རྒྱ་ནག་གི་ "རྩོད་མེད་བདག་དབང་" ཡོད་སྐོར་བརྗོད་ཡོད།

ཕྱི་ཟླ་ ༤ ཚེས་ ༡༧ ཉིན་ནས་བཟུང་། གྷུ་གྷལ་ས་ཁྲའི་ཐོག་ "ནུབ་ཕི་ལི་པིན་རྒྱ་མཚོ་" ཞེས་པའི་མིང་དེ་བེད་སྤྱོད་བྱེད་མཁན་ཚོས་དམིགས་བསལ་འཚོལ་བཤེར་བྱེད་མི་དགོས་པར་རང་བཞིན་གྱིས་མཐོང་ཐུབ་པ་ཆགས་ཡོད་པ་དེ་སྔར་གྱི་གནས་སྟངས་དང་མི་འདྲ་བ་ཆགས་ཡོད་པ་རེད།

ཕི་ལི་པིན་གྲོས་ཚོགས་ཀྱི་ཚོགས་གཙོ་མར་ཊིན་རོ་མུ་ལ་ཌེ་ཛི་(Martin Romualdez)ཡིས། རེས་གཟའ་མིག་དམར་ཉིན་སྤེལ་བའི་བསྒྲགས་གཏམ་ནང་། "ཡོངས་ཁྱབ་ཏུ་བེད་སྤྱོད་བྱེད་པའི་གྷུ་གྷལ་ས་ཁྲའི་ནང་ནུབ་ཕི་ལི་པིན་རྒྱ་མཚོ་ཞེས་ཡང་དག་པ་དང་རྒྱུན་ལྡན་གྱི་མིང་བཏགས་པ་དེ་ནི་ཕི་ལི་པིན་མི་མང་ཡོངས་ནས་དགའ་བསུ་ཞུ་འོས་པའི་གནས་ཚུལ་ཞིག་ཡིན།" ཞེས་བརྗོད་འདུག

རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གིས་ལྷོ་རྒྱ་ནག་རྒྱ་མཚོ་ནི་རྒྱལ་ཁབ་གཞན་མང་པོས་ཡོངས་གྲགས་སུ་ངོས་ལེན་བྱས་པའི་མིང་ཡང་དག་ཡིན་པར་བརྗོད་ཡོད་པ་དང་སྦྲགས། ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིན་ཇཱན་(Lin Jian)གྱིས་རེས་གཟའ་མིག་དམར་ཉིན་གྱི་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་སྐབས། "ཡུན་རིང་ནས་ལྷོ་རྒྱ་ནག་རྒྱ་མཚོ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་ལེན་བྱས་པའི་སྤྱིར་བཏང་མངའ་ཁུལ་གྱི་མིང་ཞིག་ཡིན་པ་དང་། འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་ལྟ་བུའི་རྒྱལ་སྤྱིའི་ཚོགས་པ་ཁག་གིས་ཀྱང་ཡོངས་ཁྱབ་ཏུ་ཁས་ལེན་བྱས་ཡོད།" ཅེས་བརྗོད་འདུག

རྒྱ་ནག་གི་ལྷོ་རྒྱ་ནག་རྒྱ་མཚོ་སློབ་གཉེར་ཁང་གི་ཉམས་ཞིབ་པ་ཏིང་ཏྭོ་(Ding Duo)ཡིས་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ལ་བརྗོད་པར་གཞིགས་ན། ཕི་ལི་པིན་གྱིས་ནུབ་ཕི་ལི་པིན་རྒྱ་མཚོ། ཞེས་པའི་རྒྱ་སྐྱེད་དྲིལ་བསྒྲགས་བྱས་པ་དེས་ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་ཁག་གི་ཐོག་རྒྱ་ནག་ལ་རྩོད་མེད་བདག་དབང་ཡོད་པའི་དངོས་དོན་ལ་འགྱུར་བ་གང་ཡང་གཏོང་མི་ཐུབ།" ཅེས་བརྗོད་ཡོད།

གྷུ་གྷལ་གྱིས་འགྱུར་བ་འདི་གཏོང་དོན་ཇི་ཡིན་གསལ་པོ་མེད་ཀྱང་། བཟོ་ལས་ཁང་གི་མགྲིན་ཚབ་པ་ཞིག་གིས་(Agence France-Presse)གསར་ཁང་ལ་བརྗོད་དོན་ལ། "སྤྱིར་ནུབ་ཕི་ལི་པིན་རྒྱ་མཚོ་ནི་གྷུ་གྷལ་ས་ཁྲའི་ནང་དེ་སྔོན་ནས་བཀོད་ཟིན་ཡོད། ང་ཚོས་ཉེ་ཆར་མིང་འདི་མཐོང་བདེ་བ་བཟོས་ཡོད།"ཅེས་གསལ་བཤད་བྱས་འདུག

ཕྱི་ལོ་ ༢༠༡༦ ལོའི་ཧེག་ཁྲིམས་ཁང་གི་ཐག་གཅོད་ཀྱིས་རྒྱ་ནག་གི་ལྷོ་རྒྱ་མཚོའི་ཐོབ་ཐང་རྒྱ་སྐྱེད་ཀྱི་ཁས་ལེན་ཁག་ལ་ནུས་མེད་བཟོས་ཡོད་ནའང་། རྒྱ་ནག་གིས་རྒྱལ་སྤྱིའི་ཚོང་ལམ་ཆེད་གནད་འགག་ཆེ་བའི་མཚོ་ཁུལ་དེའི་བདག་དབང་མུ་མཐུད་རྩོད་ལེན་བྱེད་བཞིན་ཡོད་ཅིང་། ཁྲིམས་ཁང་གིས་ཕི་ལི་པིན་གྱི་དམིགས་བསལ་དཔལ་འབྱོར་ས་ཁུལ་ལ་རྩིས་མེད་བཏང་བའི་རྐྱེན་གྱིས་ཕི་ལི་པིན་གྱི་ཕྱོགས་སུ་རྒྱབ་སྐྱོར་བྱས་ཡོད་ཀྱང་། རྒྱ་ནག་གིས་ཐག་གཅོད་དེ་ངོས་ལེན་མ་བྱས་པའི་ཁར། གླིང་ཕྲན་ཁག་ཏུ་དམག་གི་ལས་འགུལ་དང་། ལྟ་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད།

ཕི་ལི་པིན་གྱི་ཕྱི་སྲིད་དྲུང་ཆེ་ཨེན་རི་ཁེ་མ་ན་ལོ་(Enrique Manalo)ཡིས་བརྗོད་པ་ལྟར་ན། རྒྱ་ནག་གིས་ཕི་ལི་པིན་གྱི་ཚོང་ལས་ཁག་གིས་རྩོད་གཞི་ཅན་གྱི་མཚོ་ཁུལ་དུ་སྣུམ་དང་རླངས་རྫས་ཀྱི་གཏེར་སོགས་རང་བྱུང་ཐོན་ཁུངས་འཚོལ་ཞིབ་བྱེད་པར་བཀག་འགོག་བྱེད་ཀྱི་ཡོད་སྐོར་བརྗོད་པ་འབྲེལ། དེའི་དཔེ་མཚོན་དུ་ཁོང་གིས་རྒྱ་དམག་གིས་ཆུའི་མེ་མདའ་དང་། འོད་མདངས་བེད་སྤྱོད་བྱེད་པ། དེ་བཞིན་གདོང་ཐུག་བརྒྱབ་པ་སོགས་ཀྱིས་ཕི་ལི་པིན་ལ་སུན་གཙེར་བརྙས་བཅོས་བྱེད་ཀྱི་ཡོད་པ་དྲངས་ཡོད་ལ། དོན་རྐྱེན་དེ་དག་ལ་བརྟེན་ནས་ཨ་རི་དང་། ཕི་ལི་པིན་གཉིས་ཀྱིས་དམག་དོན་མཉམ་ལས་ཚད་མཐོར་བཏང་ཡོད་པ་རེད། །

གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎