ཨོ་ལིམ་ཕིག་རྩེད་འགྲན་དཔལ་འབར་ཧྲང་ཧད་དུ་བསྐོར་བསྐྱོད།
2008.05.23
༄༅༎ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་བསྐོར་བསྐྱོད་དེ་བཞིན་གཟའ་པ་སངས་ཉིན་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧད་ནང་འཁྱེར་ཡོད་པ་དང་། ཡིན་ནའི་དཔལ་འབར་བསྐོར་བསྐྱོད་བྱེད་པའི་རིང་རྟེན་འབྲེལ་གྱི་རྣམ་པ་ཡོངས་རྫོགས་མེད་པ་བཟོས་ནས་དེའི་ཚབ་ཏུ་ད་རེས་ཟི་ཁྲོན་ཞིང་ཆེན་ཁོངས་སུ་ས་ཡོམ་གྱི་གནོད་འཚེའི་ནང་རྐྱེན་འདས་སུ་ཕྱིན་པའི་མི་རྣམས་ཀྱི་ཆེད་ངག་བཅད་ཀྱི་ཐོག་ནས་མྱ་ངན་ཞུས་ཡོད་པ་རེད། དཔལ་འབར་ཧྲང་ཧད་གྲོང་ཁྱེར་ནང་བསྐོར་བསྐྱོད་བྱེད་པའི་སྐབས་ལམ་ཁའི་གཡས་གཡོན་དུ་རྒྱ་ནག་གི་རྒྱལ་དར་འཕྱར་ནས་དཔལ་འབར་ལ་བསུ་བ་ཞུ་མཁན་མི་མང་པོ་འཛོམས་ཡོད་པ་དང་ཡིན་ནའི་རྟེན་འབྲེལ་གྱི་སྐད་སྒྲ་དང་རྣམ་པ་གང་ཡང་མཐོང་རྒྱུ་མེད་ཅིང་། དཔལ་འབར་ཧྲང་ཧད་གྲོང་ཁྱེར་ནང་འཁྱེར་བའི་དགའ་བསུ་ཞུ་རྒྱུའི་མཛད་སྒོ་སྟབས་བདེ་ཞིག་གྲོང་ཁྱེར་སྤྱི་ཁྱབ་ཀྱི་སྣེ་ཁྲིད་འོག་སྤེལ་ཡོད་པ་དང་། དེའི་ཐོག་ཧྲང་ཧད་གྲོང་ཁྱེར་གྱི་སྤྱི་ཁྱབ་ ཧན་ཀྲེང་ གིས་མི་གྲངས་ས་ཡ་༡༩ ཡོད་པའི་ཧྲང་ཧད་གྲོང་ཁྱེར་མི་མང་ཚོས་ས་ཡོམ་གྱི་གནོད་འཚེའི་ཕོག་མི་ཚོ་དང་མཉམ་དུ་གནས་ཡོད་ལུགས་ཀྱི་གཏམ་བཤད་སྤེལ་ཡོད་པ་རེད། ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་དེ་བཞིན་བསྐོར་བསྐྱོད་ནང་བཞུགས་མཁན་ རེན་ཕཱུ་ཕཱུ་ ཟེར་བས་བརྗོད་ན་། ང་ཚོ་འདིར་རྒྱ་ནག་ལ་རྒྱབ་སྐྱོར་ཆེད་ཡོང་བ་ཡིན་། གོ་སྐབས་དེ་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ཡིན་པ་དང༌། དཔལ་འབར་མུ་མཐུད་ནས་བསྐོད་བསྐྱོད་བྱེད་དགོས་ཀྱི་ཡོད་ཅིང༌། གང་ཡིན་ཟེ་ན་དེ་ལྟར་བྱས་ཚེ་རྒྱ་ནག་མི་དམངས་ཚོས་ས་ཡོམ་གྱི་གནོད་འཚེ་ཕོག་མི་ཚོ་དང་མཉམ་དུ་གནས་པའི་རྣམ་པ་མཚོན་ཐུབ་རྒྱུ་མ་ཟད། པེ་ཅིན་ཨོ་ལིམ་ཕིག་རྩེད་འགྲན་དེ་བཞིན་རྒྱལ་སྤྱིའི་རྩེད་འགྲན་ཞིག་ཡང་ཡིན་པའི་རྣམ་པ་མཚོན་རྒྱུ་ཡིན་པ་བརྗོད་འདུག