པེ་ཅིང་ཨོ་ལིམ་པིཀསི་རྩེད་འགྲན་འགོ་ཚུགས་པ་དང་གང་སར་ངོ་རྒོལ་ལས་འགུལ་སྤེལ་སོང་།

2022.02.04
པེ་ཅིང་ཨོ་ལིམ་པིཀསི་རྩེད་འགྲན་འགོ་ཚུགས་པ་དང་གང་སར་ངོ་རྒོལ་ལས་འགུལ་སྤེལ་སོང་། ནེའུ་ཡོག་ཏུ་བོད་མི་ཚོས་ལས་འགུལ་སྐབས། ༡།༤།༢༢
Jane Stein

ཕྱི་ཟླ་༢་ཚེས་༤་ཉིན། རྒྱ་ནག་པེ་ཅིན་དུ་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་འགོ་ཚུགས་པ་དང་བསྟུན། རྒྱལ་སྤྱིའི་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་། བོད་དོན་ལས་འགུལ་བ་སོགས་ཀྱིས་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་ཀྱི་ལས་འགུལ་སྤེལ་སོང་ལ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྒྱ་ནག་ནང་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་རྒྱུ་འོས་བབ་མེད་ཅེས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་སྐབས་ལས་འགུལ་བ་ཁག་ཅིག་ཉེན་རྟོག་པས་འཛིན་བཟུང་གིས་དུས་ཡུན་གང་མཚམས་བཀག་ཉར་རྗེས་གློད་གྲོལ་བཏང་འདུག

delhi.jpg
བཞུགས་སྒར་རྡ་རམ་སཱ་ལར་ཁ་བ་དང་ཆར་ཤུགས་ཆེ་ན་ཡང་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔ་མཉམ་འབྲེལ་གྱིས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་སྐྱོན་བརྗོད་དང་སྦྲགས། ཉིན་གང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་སོང་ལ།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རིག་གཞུང་འགན་འཛིན་ཡེ་ཤེས་ཆོས་འཕེལ་ལགས་ཀྱིས། ཨོ་ལིམ་པིཀསི་རྩེད་འགྲན་དེ་སྡུག་རྩུབ་ཅན་གྱི་རྒྱ་ནག་ནང་འཚོགས་རྒྱུར་འོས་བབ་མེད་པའི་རྣམ་འགྱུར་སྟོན་ཆེད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འདི་སྤེལ་བ་འགྲེལ་བརྗོད་གནང་བྱུང་།

dhasa.jpg
ཚེས་༣་ཉིན་རྒྱ་གར་གཞུང་ཕྱོགས་ནས་གཞུང་འབྲེལ་མི་སྣ་པེ་ཅིང་ཨོ་ལིམ་པིཀསི་རྩེད་འགྲན་ལ་གཏོང་རྒྱུ་མིན་པ་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་ལྟར། རྒྱ་གར་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་རྒྱ་གར་གཞུང་ལ་ཐུགས་རྗེ་ཞུ་བ་དང་མཉམ་ད་རེས་རྒྱ་གར་གཞུང་གི་ཐག་གཅོད་དེ་ནི་ཁོང་རྣམས་ཀྱིི་མངོན་འདོད་ཞིག་ཀྱང་ཡིན་ཟེར།
གཞན་ཚེས་༣་ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ། ཨ་རིའི་གྲོས་ཚོགས་འཐུས་མི་(Tom Suozzi)་ལགས་མཉམ་ཞུགས་ཐོག་བོད་མི་དང་ཡུ་གུར་སོགས་ཀྱིས་ཨ་རིའི་ནིའུ་ཡོག་ཏུ་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན་ནས་གྲོང་ཁྱེར་གྱི་དཀྱིལ་ཊེམ་སི་ཁོལ་བར་གོམ་བགྲོད་བྱས་ནས་རྒྱ་ནག་ཏུ་ཨོ་ལིམ་པིཀསི་འཚོགས་རྒྱུར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

swiss2.jpg
ཡོ་རོབ་ནང་ཧྥ་རན་སི་དང་། ཇར་མཎ། སྦེལ་ཇམ། ཧོ་ལན་སོགས་རྒྱལ་ཁབ་འདྲ་མིན་ནས་བོད་མི་བརྒྱ་ཕྲག་མང་པོ་སུད་སིར་འཛོམས་ནས། ཨོ་ལིམ་པིཀསི་རྩེད་འགྲན་གོ་སྒྲིག་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་མི་བྱེད་པའི་བྱ་སྤྱོད་ལ་བློ་ཕམ་ཡོད་ཅེས་དང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་མི་རིགས་རྩ་མེད་བཟོ་བཞིན་པས་རྒྱལ་སྤྱིའི་རྩེད་འགྲན་འོས་འཚམས་མི་འདུག་ཅེས་འབོད་སྒྲ་སྒྲོག་བཞིན་གོམ་བགྲོད་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

Aus.jpg
ཨོསི་ཊརེ་ལི་ཡ་(Australia)་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། གཞི་རྩའི་འགྲོ་བ་མིའི་རང་ཆས་སུ་ཡོད་པའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་རྒྱ་ནག་ནང་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་པར་ངོ་རྒོལ་ཆེད། ནེའུ་ཁ་སུ་ཊལ་(Newcastle)་ནས་སིཌ་ཎི་བར་ཉིན་ཁ་ཤས་རིང་བོད་དོན་སྐད་འབོད་དང་གོམ་བགྲོད་གནང་ཡོད་པ་དང་། ཚེས་༤་ཉིན་(Martin place)་ས་གནས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཤིན་ཅང་། རྒྱ་ནག་དམངས་གཙོ་དོན་གཉེར་བ། ཧོང་ཀོང་སོགས་རྒྱ་ནག་གཞུང་གིས་གདུག་རྩུབ་དང་མན་གཅོད་མྱང་བཞིན་པའི་གྲངས་ཉུང་མི་རིགས་ཁག་གི་འཐུབ་ཚབ་བཅས་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་པ་སིཌ་ཎི་བོད་རིགས་ཀྱི་ཚོགས་གཙོ་མིག་དམར་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།

nz.jpg
ནེའུ་ཛུ་ལན་ཊིའི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོ་ཡུལ་དེའི་གྲོང་ཁྱེར་ཨོ་ཁུ་ལན་ཊི་(Auckland)་ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འཛོམས་ནས། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་བོད་མི་གཙོས་གྲངས་ཉུང་མི་རིགས་ཐོག་དྲག་རྩུབ་ཀྱི་སྲིད་ཇུས་སྤེལ་མཁན་རྒྱ་ནག་ནང་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་པར་འདོད་པ་མེད་པའི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། སྐབས་དེར་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་མི་རིགས་གཞན་པའི་ལས་འགུལ་བ་ཡང་མཉམ་ཞུགས་གནང་ཡོད་འདུག
གཞན་ཡང་གོང་ཚེས་ཉིན་རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་བོད་མིའི་གཞིས་ཆགས་དང་མོན་གྷོ་འདོད་རྒུ་གླིང་། ལ་དྭགས་སོགས་བོད་མི་གཞིས་ཆགས་ཁག་ཏུ་ཡང་པེ་ཅིང་གི་རྩེད་འགྲན་དེར་ངོ་རྒོལ་ཆེད་ལས་འགུལ་སྣ་ཚོགས་སྤེལ་འདུག་ལ། རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་པེ་ཅིང་ཨོ་ལིམ་པིཀསི་རྩེད་འགྲན་ལ་ངོ་རྒོལ་དང་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་སླད་ཉིན་དེར་བོད་མི་ཚོས་རང་ཉིད་ཀྱི་ཚོང་ཁང་། ཟ་ཁང་། ཁྲོམ་ས་སོགས་སྒོ་རྒྱབ་ཡོད་འདུག

གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎