བོད་བཙོན་རྭ་ལྟ་བུར་བཟོས་ཡོད་པར་སྐྱོན་བརྗོད།
2012.08.26
༄༅༎རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་ཀྱིས།རྒྱ་ནག་གཞུང་གིས་བོད་མདོ་སྨད་རྔ་བའི་དགེ་འདུན་པ་ཡོན་ཏན་རྒྱ་མཚོ་ལགས་ཟླ་བ་མང་པོའི་རིང་དོ་དམ་བཀག་ཉར་བྱས་པའི་རྗེས་ལོ་བདུན་གྱི་བཙོན་འཇུག་ཉེས་ཆད་བཏང་བའི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་ཡོད་པ་རེད།
རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་ཀྱིས་གསུང་པར།ཡོན་ཏན་རྒྱ་མཚོ་ལགས་ན་ནིང་འཛིན་བཟུང་བྱས་ཏེ་ཟླ་བ་འགའ་ཤས་རིང་ཁོང་གང་དུ་དོ་དམ་བྱས་ཡོད་མེད་དང་གནས་སྟངས་ཇི་ལྟར་ཡོད་མེད་ཤེས་རྟོགས་རྩ་བ་ནས་མེད་པའི་རྗེས། ཉེ་ཆར་ཁོང་ལ་བོད་ནང་གི་ཆབ་སྲིད་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱས་པའི་ནག་ཉེས་བཙུགས་ཏེ་ལོ་བདུན་གྱི་བཙོན་འཇུག་ཉེས་ཆད་ཐག་གཅོད་བྱས་པ་ནི། འོས་མིན་གྱི་བྱ་སྤྱོད་ཞིག་དང་ཁོང་འཕྲལ་དུ་གློད་བཀྲོལ་གཏོང་དགོས་སྐོར་གསུང་ཡོད་པ་རེད། བོད་ནང་གི་ཆབ་སྲིད་བཙོན་པའི་གནས་ཚུལ་ཐོག་ལ་རྒྱ་ནག་གཞུང་གིས་ཁ་གསལ་ཤོད་ཀྱི་མེད་པའི་སྐྱོན་ཆ་དེ་ཚོར་བློ་འཚབ་ཆེན་པོ་ཡོད་པ་གསུང་ཡོད་པ་རེད། བོད་ནང་གི་གནས་ཚུལ་རྣམས་ཁ་གསལ་ཤེས་རྟོག་ཡོང་རྒྱུར་དཀའ་ངལ་ཡོད་པ་དང༌། དེ་ནི་རྒྱ་ནག་གཞུང་གིས་ཆོག་མཆན་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་མ་གཏོགས་རང་དབང་གི་ཐོག་ནས་ཕྱི་རྒྱལ་གསར་འགོད་པ་གཅིག་ཀྱང་བོད་ཀྱི་ས་ཁུལ་ནང་གཏོང་གི་མེད་པར་བརྟེན་ནས། བོད་མི་ཚོས་བོད་ནང་གི་གནས་ཚུལ་རྣམས་བོད་ཀྱི་ཕྱི་ཕྱོགས་སུ་མཁོ་སྤྲོད་མི་བྱེད་དཀའ་མེད་གྱུར་བ་ཞིག་ཡིན་ནའང༌། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་ཕྱི་རྒྱལ་དུ་མཁོ་སྤྲོད་བྱེད་མཁན་གྱི་ནག་ཉེས་བཙུགས་ཏེ་ཉེས་ཅན་པར་ངོས་འཛིན་གྱི་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ནང་དུ་ཕྱི་རྒྱལ་བ་འགྲོ་འོང་བཀག་འགོག་བྱེད་པ་དེ་ཡིས། བོད་ཀྱི་གནས་སྟངས་ཐོག་ལ་སྔར་བས་བློ་འཚབ་ཆེ་རུ་འགྲོ་བ་མ་ཟད། འདི་ལོའི་ཕྱི་ཟླ་གསུམ་པའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་Chen Quanguo ཡིས། རྒྱལ་ཡོངས་ཀྱི་བདེ་འཇགས་དང་བརྟན་ལྷིང་གི་ཆེད་དུ་ཡིན་ཟེར་བཤད་དེ། ས་གནས་ཀྱི་དཔོན་རིགས་ཚོར། བོད་ནང་གི་འཕྲིན་གཏོང་གི་འབྲེལ་མཐུད་ཚང་མར་དམ་བསྒྲགས་བྱེད་དགོས་པ་དང༌། དེའི་ནང་ནས་ལག་འཁྱེར་ཁ་པར་དང་དྲ་རྒྱར་དམ་བསྒྲགས་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་ཅེས་གསུང་ཡོད་པ་རེད།།