འབུམ་སྡེ་ལར་བོད་མི་ཚོས་༧༧ འཁྲུངས་སྐར་སྲུང་བརྩི།

འབུམ་སྡེ་ལར་བོད་མི་ཚོས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་དང་། སྐུ་ཉིད་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་གསུང་འདུག

2012.07.10

ཕྱི་ཟླ་བདུན་པའི་ཚེས་དྲུག་ཉིན་འབུམ་སྡེ་ལར་བོད་མི་ཚོས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཤིང༌། སྔ་དྲོ་དེའི་ཁུལ་དུ་ཡོད་པའི་མཚོ་སྣ་དགོན་རྩེ་རབ་རྒྱས་གླིང་དང་ཐུབ་མཆོག་དགའ་ཚལ་གླིང་གི་མཁན་པོས་དབུས་པའི་དགེ་འདུན་འདུས་མང་གིས་༧གོང་ས་མཆོག་གིས་སྐུ་ཚེ་ཡུན་རིང་བརྟན་ཅིང་ཐུགས་དགོངས་་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་ལམ་གསུང་འདོན་གནང་ཡོད་པ་རེད།
དེ་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང། ཉིན་དེར་སྔ་དྲོ་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་ཞུ་གནང་བ་དང༌། འབྲེལ་ཡོད་ཁག་གི་མནྚལ་རྟེན་གསུམ་འདེགས་འབུལ་དང༌། དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ལ་འཕྲིན་སྐུལ་གནང་ཡོད་བ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གྲུབ་པའི་རྗེས། སྐུའི་འཁྲུངས་སྐར་སྲུང་བརྩིའི་ཞུ་བའི་མཛད་སྒོའི་ཐོག་མི་དམངས་སྟོང་ཕྲག་གསུམ་ཙམ་འདུ་འཛོམས་བྱུང་བ་ཚོས་༧གོང་ས་མཆོག་གི་སྐུ་པར་ལ་མཇལ་དར་ཕུལ་བ་དང༌། རྟེན་འབྲེལ་གྱི་གྲོ་མ་འབྲས་སིལ་ཕུལ་ཡོད་པ་རེད། དེ་རྗེས་ནང་པའི་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་གཙོ་རྡོ་རྗེ་ཚེ་རིང་ལགས་ཀྱིས་དུས་ཆེན་ངོ་སྤྲོད་དང་༧གོང་ས་མཆོག་གིས་བསྐྱང་གནང་བའི་རླབས་ཆེན་གྱི་མཛད་འཕྲིན་སྙིང་བསྡུས་ངོ་སྤྲོད་ཞུས་པ་དང༌། དེ་བཞིན་འབུམ་སྡེ་ལ་ས་གནས་བོད་མིའི་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་གིས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཡོངས་ཁྱབ་གསུང་བཤད་སྒྲོག་སྦྱང་གནང་བ་དང༌། ཡུལ་མི་ཚོས་ད་བར་བོད་མིར་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བ་མ་ཟད། སྐུའི་འཁྲུངས་སྐར་ལ་མཐུན་འགྱུར་རྐང་བཞེས་གནང་བར་ཐུགས་རྗེ་ཆེའི་གསུང་བཤད་གནང་ཡོད་པ་རེད། དེ་རྗེས་སྐུ་མགྲོན་གཙོ་བོ་འབུམ་སྡེ་ལ་རྫོང་དཔོན་རིན་ཆེན་བཀྲིས་ལགས་ཀྱིས། ༧གོང་ས་སྐུ་ཕྲེང་ན་རིམ་གྱི་མཛད་རྣམ་དང༌། ལྷག་དོན་སྐུ་ཕྲེང་༡༤ པ་ཆེན་པོའི་མཛད་འཕྲིན་རྣམས་ངོ་སྤྲོད་གནང༌ཡོད་ལ།  ས་ཁུལ་དེའི་ནང་དུ་ཡོད་པའི་གཞུང་དང་སྒེར་གྱི་སློབ་གྲྭ་༡༦ གི་ཡིག་རྒྱུགས་བརྒྱ་ཆ་རྩེར་སོན་པའི་སློབ་མ་རྣམས་ལ་བྱ་དགའ་དང༌། བོད་གཞས་དང་ཡུལ་གྱི་མོན་གཞས་ཁག་འཁྲབ་སྟོན་ཞུས་ཡོད་པ་རེད། མངའ་སྡེའི་གྲོས་ཚོགས་འཐུས་མི་ཨ་ཀྲི་ཁུན་གྱིས། ཉིན་དེའི་མི་དམངས་གསུམ་སྟོང་ལ་ཉིན་དགུང་གསོལ་ཚིགས་གཏོང་ཆེད་ཧིན་སྒོར་ཁྲི་ལྔ་ཞལ་འདེབས་གནང་བ་དང༌། དེ་རྗེས་ལྗོན་ཤིང་༤༠༠ ལྷག་འདེབས་བཙུགས་ཞུས་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་བཞིན། ཉིན་དེར་མོན་རྟ་དབང་དང༌། ལྡི་རང༌། ཨི་ཊ་ན་གྷར་བཅས་སུའང་གཅིག་མཚུངས་ཀྱིས་སྐུའི་འཁྲུངས་སྒར་དུས་ཆེན་སྲུང་བརྩི་ཞུས་ཡོད་པའི་སྐོར་བཀོད་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎