འབྲུག་དང་རྒྱ་ནག་བར་འབྲེལ་ལམ་ཐག་ཉེ་ཆགས་ན་རྒྱ་གར་ལ་ཉེན་ཁ་དང་བློ་འཚབ་གནང་དགོས་སུ་འགྱུར་རྒྱུ་རེད་ཅེས། རྒྱ་གར་གྱི་སྲིད་དོན་ཉམས་ཞིབ་པས་བརྗོད་བྱུང་།

2023.11.01
འབྲུག་དང་རྒྱ་ནག་བར་འབྲེལ་ལམ་ཐག་ཉེ་ཆགས་ན་རྒྱ་གར་ལ་ཉེན་ཁ་དང་བློ་འཚབ་གནང་དགོས་སུ་འགྱུར་རྒྱུ་རེད་ཅེས། རྒྱ་གར་གྱི་སྲིད་དོན་ཉམས་ཞིབ་པས་བརྗོད་བྱུང་། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འབྲུག་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་རྟ་མགྲིན་རྡོ་རྗེ་ལགས་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི(Wang Yi)་རྣམ་གཉིས་ཐུག་འཕྲད་དང་འབྲེལ་བྱས་པ། ༢༣།༡༠།༢༠༢༣
Chinese state media

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བདུན་ཕྲག་སྔ་མའི་ནང་འབྲུག་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་རྟ་མགྲིན་རྡོ་རྗེ་ལགས་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི(Wang Yi)་རྣམ་གཉིས་ཐུག་འཕྲད་དང་འབྲེལ། རྒྱལ་ཁབ་ཕན་ཚུན་བར་གྱི་ས་མཚམས་རྩོད་རྙོག་ཐག་གཅོད་བྱ་རྒྱུ་དང་། ས་ཐིག་བཟོ་མཁན་ཕྱོགས་གཉིས་ཀྱིི་ཚོགས་ཆུང་ཟུར་འཛུགས་ཀྱི་གྲོས་མཐུན་ཞིག་བཞག་ཡོད་པ་དང་མཚུངས། ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་རྒྱུའི་གྲོས་མོལ་ཡག་པོ་བྱུང་ལུགས་ཕྱི་སྲིད་བློན་ཆེན་གཉི་གས་གསར་འགོད་གསལ་བསྒྲགས་སུ་འཁོད་ཡོད་པ་མ་ཟད། རྒྱ་ནག་གི་སྲིད་འཛིན་གཞོན་པ་ཧན་ཀྲེང་དང་ཕྱི་འབྲེལ་བློན་ཆེན་ཝང་ཡི་གཉིས་ཀྱང་འབྲུག་གི་ཕྱི་སྲིད་བློན་ཆེན་ལ་ཐུག་སྟེ། ས་མཚམས་རྩོད་རྙོག་སེལ་དགོས་པ་དང་ཕྱི་སྲིད་འབྲེལ་ལམ་འཛུགས་དགོས་པ་ནན་བཤད་བྱས་ལུགས་སོགས་ཐོན་ཡོད་ནའང་། འབྲུག་རྒྱལ་ཁབ་དང་རྒྱ་གར་གྱི་བར་བཞག་པའི་མཛའ་འབྲེལ་ཆིངས་ཡིག་ཏུ། འབྲུག་གི་ཕྱི་འབྲེལ་ལས་དོན་ཐད་རྒྱ་གར་གྱི་ལམ་སྟོན་ལ་གསན་འཇོག་དགོས་པ་འཁོད་པ་དང་མཚུངས་སུ། འབྲུག་གཞུང་གིས་རྒྱལ་མཚམས་དཀའ་རྙོག་ཙམ་སེལ་ཆེད་གྲོས་མཐུན་ལ་མཚན་རྟགས་བཀོད་པར་དཀའ་ངལ་མེད་ནའང་།  དེ་ལས་སྤྲོས་པའི་རྒྱ་ནག་དང་འབྲེལ་ལམ་ཇེ་ཟབ་ཏུ་བཏང་ན། རྒྱ་གར་གཞུང་གིས་ཐུགས་འཚབ་གནང་དགོས་ཆགས་ཀྱི་རེད་ཅེས། རྒྱལ་ས་ལྡི་ལིའི་ནང་གི་རྒྱ་ནག་ཉམས་ཞིབ་ལྟེ་གནས་ཁང་གི་འགན་འཛིན། ཇཱ་ཡཱ་དེ་བ་རཱ་ནཱ་ངྷིན་ལགས་ནས་འགྲེལ་བརྗོད་གནང་དོན།

འབྲུག་པས་རྒྱ་ནག་དང་ཚོང་འབྲེལ་བཙུགས་པ་ལའང་རྣམ་པ་འདྲ་མིན་ཡོང་ངེས་ཡིན་པར་བརྟེན། རྒྱ་གར་གྱིས་ཐུགས་གཟབ་གནང་དགོས་པ་སྟེ་ཚོང་འབྲེལ་གྱི་བརྒྱུད་ལམ་ནས། རྒྱ་མིའི་ཚོང་རྫས་དང་རྒྱ་རིགས་འབོར་ཆེན་འབྲུག་ཡུལ་དུ་འབྱོར་ཏེ་ཁ་ལོ་བསྒྱུར་ངེས་ཡིན་པའི་ཁར། རྒྱ་གར་གྱི་བྱ་དེའི་སྐེ་དང་མཚུངས་པའི་ས་ཁུལ་དུ་རྒྱ་ནག་གི་དམག་དོན་གྱི་ཉེན་ཁ་འབྱུང་རྒྱུ་ཡིན་པས། འབྲུག་གཞུང་གིས་རྒྱ་ནག་དང་ས་མཚམས་གྲོས་མཐུན་བཞག་པ་ཙམ་ལས་བརྒལ་ཏེ་ཕྱི་འབྲེལ་གྱི་འབྲེལ་ལམ་ཇེ་ཟབ་ཏུ་ཕྱིན་ན། རྒྱ་གར་གཞུང་གིས་ཐུགས་འཚབ་གནང་དགོས་སུ་གྱུར་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག་པ་མ་ཟད། རྒྱ་ནག་དང་རྒྱ་གར། འབྲུག་གཞུང་བཅས་ཀྱི་བར་ས་མཚམས་ཆིངས་ཡིག་བཞག་པ་དེ། སྤྱི་ལོ་༢༠༡༧ལོར་འབྲོག་ལམ་དུ་རྒྱ་ནག་གཞུང་གིས་རྡོག་རོལ་བཏང་ཡོད་ཅེས་ཀྱང་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་ལ་དམིགས་ཡུལ་ཁག་གཉིས་ཡོད་པ་ནི་རྒྱལ་མཚམས་འབྲོག་ལམ་གྱི་ལྷོ་ཕྱོགས་སུ་གཏུགས་ཏེ། རྒྱ་གར་གྱི་མངའ་སྡེ་ཨར་རུ་ནཱ་ཅལ་ལེན་ཐབས་བྱ་རྩིས་ཀྱི་རྩེད་མོ་རྩེ་ཡི་ཡོད་པ་དང་། ལྷག་པར་བྱ་དེའི་སྐེ་མཚམས་ལ་བཅར་ཐབས་བྱེད་བཞིན་པ་འབྲུག་གཞུང་གི་བཀའ་འཁྲོལ་འོག རྒྱ་གར་གྱིས་ཉིན་གྲངས་༧༣རིང་རྒྱ་ནག་བཀག་འགོག་བྱ་དགོས་ཐུག་སྟེ་ཚོད་བལྟ་ཆེན་པོ་ཞིག་བྱུང་བའི་སྐབས་ཀྱང་། རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༠༧ལོར་རྒྱ་གར་དང་འབྲུག། རྒྱ་ནག་གསུམ་བར་ས་མཚམས་དང་འབྲེལ་བའི་གྲོས་མཐུན་བཞག་པ་རྡོག་རོལ་ཏུ་བཏང་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག ཡང་རྒྱ་གར་གྱི་རྒྱ་ནག་ཉམས་ཞིབ་པ་སཱུ་ཡཱ་ཤེ་ལགས་ནས་ཀྱང་། འབྲུག་དང་རྒྱ་ནག་བར་གྱི་གྲོས་མོལ་དེས་ཨེ་ཤེ་ཡའི་ས་མཚམས་ཀྱི་དམ་དྲག་ཇེ་ཆེར་འགྲོ་རྒྱུ་དང་། ལྷག་པར་རྒྱ་གར་གྱི་གྲོང་ཁྱེར་སི་ལི་གོ་རི་ཉེན་ཁའི་ནང་ལྷུང་རྒྱུ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

ས་མཚམས་དཀའ་རྙོག་སེལ་ཐབས་དེས་ཨེ་ཤེ་ཡའི་མངའ་ཁུལ་གྱི་རྒྱལ་མཚམས་ལ་འགྱུར་བ་གསར་པ་ཕྱིན་ཏེ། དཔེར་ན་འབྲོག་ལམ་གྱི་ས་ཁུལ་འབྲུག་གཞུང་གིས་རྒྱ་ནག་ལ་རྩིས་འབུལ་ཞུས་ཚེ། རྒྱ་གར་ལ་དཀའ་རྙོག་ཆེན་པོ་ཆགས་ནས་རྒྱ་གར་གྱི་སི་ལི་གོ་རི་གྲོང་ཁྱེར་ཉེན་ཁའི་ནང་ཚུད་ངེས་ཡིན་ཐོག ཨེ་ཤེ་ཡའི་ས་མཚམས་བདེ་སྲུང་ཇེ་དམ་དུ་འགྲོ་རྒྱུ་དང་གྲོས་མོལ་དེས་རྒྱ་ནག་ལ་ཁེ་ཕན་འཐོབ་རྒྱུ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག རྒྱ་ནག་གིས་ས་མཚམས་འདབས་འབྲེལ་གྱི་རྒྱལ་ཁབ་༡༤ཡོད་ཁོངས་ནས་རྒྱ་གར་དང་འབྲུག་གཞུང་གཉིས་མ་གཏོགས། རྒྱལ་ཁབ་གཞན་དག་ཕལ་ཆེ་བ་དང་གྲོས་མོལ་གྱིས་ས་མཚམས་རྩོད་རྙོག་སེེལ་ཚར་ཡོད་ནའང་། འབྲུག་གཞུང་དང་རྒྱ་ནག་བར་སྤྱི་ལོ་༡༩༨༤ལོ་ནས་ཐད་ཀར་གྲོས་མོལ་བྱས་མིན་ལ་མ་ལྟོས་པར། ད་ལྟའི་བར་ས་མཚམས་ཀྱི་དཀའ་རྙོག་སེལ་མེད་མོད། ད་ལྟ་འབྲུག་གཞུང་དང་གྲོས་མོལ་ཡག་པོ་བྱུང་ཚུལ་བསྟན་ཡོད་པའི་མུར། འབྲུག་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གི་རྒྱུན་ལས་རྒྱལ་ཁབ་ཚོར་ཡང་ད་བར་ཕྱི་འབྲེལ་བཙུགས་གནང་མེད་རུང་། སྐབས་འདིར་རྒྱ་ནག་དང་ཕྱི་འབྲེལ་འཛུགས་རྒྱུའི་རྣམ་འགྱུར་མངོན་བཞིན་པ་དེས། རྒྱ་གར་གྱི་ཤུགས་རྐྱེན་ཁྱབ་ཁོངས་སུ་རྒྱ་ནག་འཛུལ་གྱི་ཡོད་པ་དང་། ཨེ་ཤེ་ཡ་དང་རྒྱལ་སྤྱིའི་ཆབ་སྲིད་ཁ་ཕྱོགས་ལ་འགྱུར་བ་འགྲོ་རྒྱུ་ཡིན་པའི་སེམས་འཚབ་དང་ཚོད་དཔག་གནང་མཁན་མང་དུ་འབྱུང་གི་ཡོད་པ་དང་། ས་མཚམས་རྩོད་པ་འདི་རིགས་རྒྱ་ནག་དམར་གཞུང་གིས་བོད་ལ་བཙན་འཛུལ་གྱི་རྗེས་སུ་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་གནས་ཚུལ་ཅིག་ཆགས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན། 
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎