འབྲུག་རྒྱལ་སྟོན་འཁོར་རྒྱ་གར་ལ་འཚམས་གཟིགས།


2017.11.02
འབྲུག་རྒྱལ་སྟོན་འཁོར་རྒྱ་གར་ལ་འཚམས་གཟིགས༎ འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་རྒྱ་གར་སྲིད་བློན་མོ་ལྡི་མཆོག་མཇལ་འཕྲད་གནང་བཞིན་པ།
འབྲུག་རྒྱལ་པོ་མཆོག་གི་ངོ་དེབ།

༄༅། །རྒྱ་གར་གྱི་གསར་ལམ་ཁག་ནང་གནས་ཚུལ་ཐོན་པར་གཞིགས་ན། འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་བཙུན་མོ་རྗེ་བཙུན་པདྨ་ལགས། རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་བཅས་རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་འབྱོར་གནང་ཡོད་པ་དང་། གཟིགས་སྐོར་གྱི་ཉིན་དང་པོར་རྒྱལ་བཙུན་སྟོན་འཁོར་རྣམ་པས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་Sushma Swaraj མཆོག་དང་མཇལ་འཕྲད་གནང་འདུག།
དེ་ནས་རེས་གཟའ་ལྷག་པའི་ཉིན་འབྲུག་རྒྱལ་པོ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་Ram Nath Kovind མཆོག་དང་སྲིད་བློན་མུ་དྷི་མཆོག་མཇལ་འཕྲད་གནང་ཡོད་ཅིང། འབྲུག་རྒྱལ་པོས་སྲིད་བློན་མོ་དྷི་མཆོག་ལ་རྒྱ་གར་གྱིས་འབྲུག་རྒྱལ་ཁབ་ཡར་རྒྱས་གཏོང་རྒྱུར་རོགས་རམ་མུ་མཐུད་གནང་དགོས་པ་དང་། ལྷག་པར་དུ་དེང་སྐབས་འབྲུག་ནང་ཆུ་གློག་གི་ལས་གཞི་རྒྱ་ཆེ་ཡོད་བཞིན་པ་དེའི་ཐོག་རྒྱ་གར་གྱིས་རོགས་རམ་གནང་དགོས་པའི་སྐོར་བཀའ་མོལ་བྱུང་འདུག
དེ་བཞིན་རྒྱ་གར་གྱི་ANI གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དེ་རིང་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ལྕམ་Nirmala Sitharaman མཆོག་གིས་འབྲུག་རྒྱལ་བཙུན་རྣམ་གཉིས་མཇལ་འཕྲད་གནང་བཞག། Times of India ནང་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གཞུང་ཕྱོགས་ནས་གསལ་བསྒྲགས་གནང་བའི་ནང་། ཐེངས་འདིའི་མཇལ་འཕྲད་སྐབས་༢༠༡༨ ལོར་རྒྱ་གར་དང་འབྲུག་གཉིས་བར་ཆབ་སྲིད་ཀྱི་འབྲེལ་ལམ་བཙུགས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་ཆེན་སྲུང་བརྩི་གནང་རྒྱུ་གཏན་འཁེལ་བྱུང་ཡོད་པ་དང་།
རྒྱ་གར་གྱི་སྲིད་འཛིན་Ram Nath Kovindམཆོག་ནས་ དུས་ཆེན་སྲུང་རྩིའི་ཐོག་འབྲུག་རྒྱལ་པོ་དང་བཙུན་མོ་རྣམ་གཉིས་མགྲོན་འབོད་ཞུས་པར་ཁོང་རྣམ་གཉིས་ཀྱིས་ཞལ་བཞེས་གནང་ཡོད་པ་རེད།
རེས་གཟའ་ལྷག་པའི་དགོང་དྲོ་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ནས་འབྲུག་རྒྱལ་སྐུ་འཁོར་ལ་དམིགས་བསལ་གསོལ་སྟོན་ཞིག་བཤམས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་ཚོས་དགུང་གྲངས་གཅིག་དང་ཟླ་ཤས་ལས་ཕེབས་མེད་པའི་རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་ལ་དོ་སྣང་ཆེན་པོ་གནང་ཡོད་པ་མ་ཟད། སྲིད་བློན་དང་སྲིད་འཛིན་རྣམ་གཉིས་ནས་རྒྱལ་སྲས་ལ་ཕྱག་རྟགས་ཀྱང་གནང་འདུག།
སྲིད་འཛིན་མོ་དྷི་མཆོག་གིས་འབྲུག་རྒྱལ་སྟོན་འཁོར་ལ་ཕེབས་བསུའི་གསུང་བཤད་གནང་སྐབས། ཉེ་ལམ་རྒྱ་དཀར་ནག་གཉིས་བར་འབྲོག་ལམ་གྱི་དཀའ་རྙོག་བྱུང་བའི་སྐབས་སུ་འབྲུག་གིས་རྒྱ་གར་ལ་རྒྱབ་སྐྱོར་གནང་བར་དམིགས་བསལ་གྱིས་བཀའ་དྲིན་ཆེ་ཞུས་གནང་བ་དང་སྦྲགས། རྒྱ་གར་དང་འབྲུག་གཉིས་ཀྱི་འབྲེལ་བ་ནི་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་མ་ཟད། ལྷག་པར་དུ་དམག་དོན་གྱི་འབྲེལ་བ་ནི་ཡིད་ཆེས་དང་ཕན་ཚུན་བསམ་ཤེས་གཞི་རྩར་གྱུར་བ་ཞིག་ཡིན་སྟབས། ཁྱིམ་མཚེས་རྒྱལ་ཁབ་ཚོས་མིག་དཔེར་འོས་པ་ཞིག་ཡིན་སྐོར་གསུངས་པ་དང་ཆབས་ཅིག། འབྲུག་རྒྱལ་ཁབ་ཀྱིས་རང་གི་རིག་གཞུང་དང་ངོ་བོ་མ་དོར་བའི་ཐོག་ནས་མུ་མཐུད་རྒྱལ་ཁབ་ཡར་རྒྱས་གཏོང་བཞིན་པ་དེར་བསྟོད་བསྔགས་གནང་ཡོད་འདུག།  ཐེངས་འདིའི་གཞུང་འབྲེལ་གཟིགས་སྐོར་དེ་ནི། རྒྱ་ནག་གཞུང་གིས་འབྲོག་ལམ་ཁུལ་གྱི་རྙོག་དྲ་བསླངས་རྗེས་རྒྱ་གར་དང་འབྲུག་གྱི་དབུ་ཁྲིད་རྣམ་པའི་དབར་གྱི་མཇལ་མོལ་ཐེངས་དང་པོ་ཆགས་ཡོད་པ་རེད།།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎