འབྲུག་ཡུལ་རྒྱལ་པོ་རྒྱ་གར་དུ་འཚམས་གཟིགས།
2009.12.22
༄༅༎འབྲུག་གི་རྒྱལ་པོ་གཟའ་འཁོར་གཅིག་རིང་རྒྱ་གར་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཆེད་ཕེབས་གནང་ཡོད་འདུག་ཅིང་འཚམས་གཟིགས་འདིའི་དམིགས་ཡུལ་གཙོ་བོ་ནི་གསར་དུ་མང་གཙོ་ཆགས་པའི་འབྲུག་ཡུལ་གཞུང་དང་ཨེ་ཤི་ཡའི་ནང་གི་སྟོབས་ཆེན་ཡུལ་གྲུ་རྒྱ་གར་དབར་གྱི་འབྲེལ་ལམ་སྲ་བརྟན་བཟོ་ཐབས་ཆེད་ཡིན་འདུག།
འབྲུག་ཡུལ་གྱི་ལོ་རེའི་གཞུང་གི་འགྲོ་གྲོན་གསུམ་ཆ་གཅིག་ཙམ་རྒྱ་གར་གཞུང་གིས་ནར་གཏོང་གནང་བཞིན་ཡོད་པ་རེད།
འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བ་དབྱིན་ཡུལ་གྱི་ཨོཀ་སི་ཕོ་དྲི་མཐོ་རིམ་སློབ་གྲྭ་ནས་སློབ་ཐོན་ཟིན་པ་འབྲུག་རྒྱལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ནི་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་འབྲུག་གི་རྒྱལ་པོ་གསར་པར་ཁྲི་འདོན་ཞུས་ཤིང་ལོ་དེ་གའི་ནང་འབྲུག་རྒྱལ་ཡོངས་ནང་འོས་བསྡུ་བྱས་ཏེ་མང་གཙོའི་གཞུང་ཐོག་མ་དེ་བཙུགས་ཐུབ་པ་བྱུང་ཡོད་པ་རེད།
མི་འབོར་འབུམ་བདུན་ཙམ་ལས་མེད་པའི་འབྲུག་ཡུལ་འདི་ནི་རྒྱ་གར་གྱི་ཆུ་ཤུགས་གློག་ནུས་འབྱུང་ཁུངས་གལ་ཆེ་ཞིག་ཡིན་པ་དང་འབྲུག་གཞུང་གིས་རྒྱ་གར་ལ་རིན་གོང་ཁེ་པོའི་ཐོག་ནས་ཆུ་ཤུགས་གློག་ནུས་མཁོ་སྤྲོད་བྱེད་པའི་ཚབ་ཏུ་རྒྱ་གར་གཞུང་གིས་འབྲུག་གཞུང་ལ་ཆུ་ཤུགས་གློག་འདོན་ཁང་གསར་རྒྱག་ལ་སོགས་པ་གཞུང་གི་འཆར་གཞི་མང་དག་ཅིག་གི་འགྲོ་གྲོན་བཏང་གི་ཡོད་པ་རེད།
རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་དཔོན་རིགས་ལྦིཤ་ནུ་ཤར་མས་རྒྱ་གར་གཞུང་གི་རོགས་བསྐྱོར་ལ་བརྟེན་ནས་འབྲུག་གི་ནང་ཕྱི་ལོ་ཉིས་སྟོང་ཉི་ཤུ་ཚུན་ཚད་གློག་ཤུགས་མེ་ག་ལྦཏ་ཁྲི་གཅིག་ལྷག་མཁོ་འདོན་ཐུབ་རྒྱུའི་གློག་ཁང་མི་འདྲ་བ་གསུམ་གསར་རྒྱག་བྱ་རྒྱུ་ངེས་པ་ཡིན་པ་གསུངས་པ་དང་ ཐེངས་འདིའི་འབྲུག་གི་རྒྱལ་པོའི་རྒྱ་གར་གྱི་འཚམས་གཟིགས་སྐབས་ཆུ་ཤུགས་གློག་འདོན་ཁང་དང་འཕྲོད་བསྟེན་ དེ་བཞིན་འབྲེལ་འཐུད་འཕྲུལ་རིགས་སོགས་ཀྱི་ཐད་ཡུལ་གྲུ་གཉིས་དབར་མཉམ་འབྲེལ་གནང་རྒྱུའི་གྲོས་མཐུན་ཁག་ལ་མཚན་རྟགས་འགོད་རྒྱུ་ཡིན་པ་ཡང་གསུངས་ཡོད་པ་རེད།
འབྲུག་གི་མང་གཙོའི་གཞུང་གསར་པ་དེས་འབྱུང་འགྱུར་གྱི་ལོ་བཅུའི་ནང་རྒྱལ་ཁབ་ཀྱི་ལོ་རེའི་དཔལ་འབྱོར་བརྒྱ་ཆ་དགུ་ཡས་མས་ཤིག་འཕེལ་རྒྱས་ཡོང་རྒྱུར་དམིགས་ཡུལ་བཟུང་བཞིན་ཡོད་འདུག་ཅིང་འཕེལ་རྒྱས་དེ་དག་མང་ཆེ་བ་རྒྱ་གར་གྱི་འབྲུག་ཡུལ་ནང་དཔལ་འབྱོར་མ་རྩ་འཛུགས་པ་ལས་ཡོང་རྒྱུ་ཡིན་པ་བརྗོད་བཞིན་ཡོད་པ་རེད།