འབྲུག་ཡུལ་དུ་བྲག་ཆ་ཞེས་པའི་རྩོམ་བྲིས་དུས་སྟོན།
2012.05.24
༄༅༎རྒྱལ་ས་ཐིམ་བུར་ཚུགས་བཞིན་པའི་གཟའ་འཁོར་གཅིག་རིང་གི་རྩོམ་བྲིས་ཀྱི་དུས་སྟོན་དེའི་ཐོག་ རྒྱ་གར་དང་བལ་ཡུལ་ ཤི་རི་ལང་ཀ་དང་ པཀིསི་ཐན་བཅས་མངའ་ཁུལ་ཡུལ་ཁག་ནས་རྩོམ་བྲིས་པ་༧༠་ཙམ་ཕེབས་ཡོད་པ་དང་ ཁོང་རྣམས་ཀྱིས་དུས་སྟོན་ལ་ཕེབས་མཁན་ ཕྱག་དེབ་ལྟ་ཀློག་གནང་མཁན་ཚོར་རྩོམ་བྲིས་ཀྱི་སྒྱུ་རྩལ་དང་རང་རང་སོ་སོའི་ཕྱག་དེབ་ཁག་གི་ནང་དོན་སོགས་ཀྱི་སྐོར་གསུང་བཤད་གནང་གི་ཡོད་པ་དང་འདིའི་ཁྲོད་འབྲུག་ཡུལ་རང་གི་རྩོམ་བྲིས་པ་ཁག་ཅིག་ཡོད་འདུག
འབྲུག་ཡུལ་དང་བོད་ཀྱི་སྤྱི་ཚོགས་གཉིས་དབར་ཆོས་དང་རིག་གཞུང་ཆ་གོས་དང་གོམས་གཤིས་བཅས་པ་གང་གི་ཆ་ནས་འདྲ་མཚུངས་ཡིན་པ་ལྟར་ འབྲུག་ཡུལ་ནང་ཕྱག་དེབ་ཁག་ཀྱང་ མང་ཆེ་བ་ཆོས་ལུགས་ཀྱི་ནང་དོན་དང་འབྲེལ་བའི་ཕྱག་དེབ་ཡིན་པ་དང་ སྤྱིར་བཏང་་འཇིག་རྟེན་གྱི་བྱ་གཞག་གི་སྐོར་ ཕྱག་དེབ་རྩོམ་བྲིས་བྱས་པ་ཉུང་ཉུང་ཡིན་པ་དང་ དེ་ཡང་དམིགས་བསལ་དབྱིན་ཡིག་ནང་ རྩོམ་བྲིས་བྱས་པའི་རྩོམ་སྒྲུམ་ཧ་ཅང་དཀོན་པོ་ཡིན་པ་གསུངས་ཀྱི་ཡོད་པ་རེད་
དེ་ལྟར་ཡང་ཕྱིས་སུ་འབྲུག་ཡུལ་གྱི་སློབ་གྲྭ་ཁག་ནང་སློབ་འཁྲིད་གཙོ་བོ་དབྱིན་སྐད་ནང་བྱེད་ཀྱི་ཡོད་པ་ལྟར་ འབྲུག་གི་སྐད་ཡིག་རྩ་ཆེར་འཛིན་མཁན་རྒན་རབས་ཚོས་ སློབ་གྲྭ་ཁག་ནང་དབྱིན་ཡིག་གཙོ་བཟུང་གིས་སློབ་འཁྲིད་བྱས་པའི་སྲིད་བྱུས་འདིས་ རང་སྐད་རིག་གཞུང་ལ་ཉམས་ཉེས་ཆེན་པོ་གཏོང་བཞིན་པའི་དགོངས་ཚུལ་གསུངས་ཀྱི་ཡོད་པ་དང་ དེ་ཡང་འབྲུག་ཡུལ་གྱི་རྩོམ་བྲིས་པ་གྲགས་ཆེན་ ཀུན་བཟང་འཕྲིན་ལས་ལགས་ཀྱིས་ སློབ་གྲྭའི་ནང་སློབ་ཚན་ཡོངས་རྫོགས་ལྟ་བུ་དབྱིན་ཡིག་ནང་ སློབ་འཁྲིད་འགོ་བཙུགས་པ་ནས་བཟུང་ སོ་སོའི་སྐད་ཡིག་ལ་དོ་སྣང་ཆུང་དུ་འགྲོ་ཡི་ཡོད་པ་དང་ དེས་མཐར་དོན་རང་གི་རྩ་ཆེའི་རིག་གཞུང་འདི་མེད་པ་ཆགས་རྒྱུའི་ཉེན་ཁག་བཟོ་ཡི་ཡོད་པའི་དགོངས་ཚུལ་གསུངས་ཡོད་པ་རེད་
དབྱིན་ཡིག་ནང་སྒྲུང་རྩོམ་གནང་མཁན་ཀུན་བཟང་ཆོས་སྒྲོན་ལགས་ཀྱིས་རྩ་དོན་གཙོ་བོ་འདི་སྐད་ཡིག་གང་འདྲ་ཞིག་ནང་བྲིས་མིན་ལ་མ་ལྟོས་པར་ མང་ཚོགས་ཁྲོད་རྩོམ་བྲིས་སྒྱུ་རྩལ་ལ་དགའ་མོས་ཡོང་ཐབས་བྱ་རྒྱུ་འདི་གལ་ཆེ་ཡིན་པ་དང་ ད་བར་ཕྱག་དེབ་རྩོམ་བྲིས་བྱས་པ་མང་ཆེ་བ་གཙོ་བོ་ཆོས་ཀྱི་སྐོར་ཡིན་པས་ སྤྱིར་བཏང་དེབ་ལྟ་ཀློག་བྱ་མཁན་ཉུང་ཉུང་ཡིན་པ་དང་ ང་ཚོས་འབད་བརྩོན་འདི་དེབ་ལྟ་ཀློག་བྱ་རྒྱུའི་གོམས་གཤིས་འདི་འཇགས་ཐབས་བྱ་དགོས་ཀྱི་ཡོད་སྐོར་གསུངས་ཡོད་པ་རེད་