པ་ཀིསི་ཐན་གྱི་སྲིད་འཛིན་དུ་ལྕམ་སྦུ་ཊོའི་སྐུ་ཟླ་ལ་རྒྱལ་ཁ་ཐོབ་པ།
2008.09.06
༄༅༎པ་ཀིསི་ཐན་གྱི་སྲིད་བློན་འདས་པོ་ལྕམ་ སྦེ་ན་ཛིར་སྦུ་ཊོའི་སྐུ་ཟླ་ ཨ་སིཕ་ཨ་ལི་ ཛར་རྡ་རི་ལ་གཟའ་སྤེན་པའི་ཉིན་པ་ཀིསི་ཐན་གྱི་སྲིད་འཛིན་འོས་བསྡུའི་འགྲན་བསྡུར་གྱི་ནང་རྒྱལ་ཁ་ཆེན་པོ་ཐོབ་སྟེ་ ད་ཆ་པ་ཀི་སི་ཐན་གྱི་སྲིད་འཛིན་གསར་པར་ཧ་ལམ་ངེས་པ་ཡིན་པ་རེད་
པ་ཀིསི་ཐན་གྱི་སྲིད་འཛིན་དེ་གྲོས་ཚོགས་ནས་འོས་འདེམས་བྱེད་དགོས་ཀྱི་ཡོད་ཅིང་ གྲོས་ཚོགས་ཀྱི་འཐུས་མི་ ༤༢༦ ཡོད་པ་ནས་ཛར་རྡ་རི་ལ་འོས་གྲངས་ ༢༨༡ ཐོབ་པ་དང་ དགུང་གྲངས་ ༥༣ ལ་ཕེབས་པ་ཛར་རྡ་རིས་ཁ་གཏད་སྲིད་བློན་ཟུར་པ་ན་ལྦཛ་ཤ་རིཕ་ཡིས་རྒྱབ་སྐྱོར་གནང་པའི་སྲིད་འཛིན་འོས་མི་ པ་ཀིསི་ཐན་གྱི་སྤྱི་ཁྱབ་ཁྲིམས་ཞིབ་ཟུར་པ་ ས་ཨིརྡ་ཨུཛ་ སི་རྡི་ཁི་ དང་ སྲིད་འཛིན་ཟུར་པ་མུ་ཤ་རཕ་དང་ཉེ་པོ་ཡོད་མཁན་ མུ་ཤ་རྡིཏ་ཧུ་སེན་གཉིས་ཀ་ཕམ་ཉེས་སུ་བཏང་ཡོད་པ་རེད་
འདི་ནི་ཛར་རྡ་རི་སྒེར་གྱི་ལོ་རྒྱུས་ཐོག་ནས་བཤད་ནང་གནམ་ས་གཡོས་པའི་འགྱུར་བ་ཆེན་པོ་ཞིག་ཡིན་ཞིང་ ཛར་རྡ་རི་དེ་སྔོན་ན་ལྦཛ་ཤ་རིཕ་གཞུང་གིས་ལྐོག་ཟའི་ནག་ཉེས་འོག་བཙོན་བཅུག་བྱས་ཡོད་པ་དང་ དེ་རྗེས་ཁོང་དང་ཁོང་གི་སྐུ་ཟླ་ལྕམ་སྦུ་ཊོ་རྣམ་གཉིས་བཙན་བྱོལ་དུ་ཡུན་རིང་བཞུགས་དགོས་བྱུང་བར་མ་ཟད་ སྔ་ལོ་ཕྱི་ཟླ་བཅུ་གཉིས་པའི་ནང་འོས་བསྡུའི་དྲིལ་བསྒྲགས་ཀྱི་ལས་འགུལ་སྐབས་ ལྕམ་སྦུ་ཊོ་དྲག་སྤྱོད་པའི་སྐུ་སྲོག་དཀྲོངས་པ་སོགས་ཀྱི་དཀའ་ངལ་མང་དག་ཅིག་གདོང་ལེན་གནང་དགོས་བྱུང་ཡོད་པ་རེད་ འོན་ཀྱང་ད་ནི་ཛར་རྡ་རི་པ་ཀིསི་ཐན་གཞུང་འཛིན་ཚོགས་པའི་འགོ་འཁྲིད་ཡིན་པའི་ཁར་རྒྱལ་ཁབ་ཀྱི་སྲིད་འཛིན་ཡང་ཆགས་རྒྱུ་ངེས་པར་བརྟེན་ ཁོང་ནི་སྲིད་དོན་ཐོག་ཉམས་མྱོང་དེ་ཙམ་མེད་མཁན་གྱི་པ་ཀིསི་ཐན་ནང་གི་དབང་ཚད་ཆེ་ཤོས་ཡོད་པའི་མི་སྣ་ཞིག་ཏུ་གྱུར་རྒྱུ་ཡིན་པ་རེད་
དེ་དང་ཆབས་ཅིག་ འཇིགས་བསྐུལ་དྲག་སྤྱོད་པའི་གནད་དོན་དང་ དཔལ་འབྱོར་གྱི་དཀའ་ངལ་ རྡུལ་ཕྲན་མཚོན་ཆ་ཁྱབ་བརྡེལ་བཀག་སྡོམ་དང་ མང་གཙོ་འཕེལ་རྒྱས་ཀྱི་གནད་དོན་ རྒྱ་གར་དང་འབྲེལ་ལམ་བྱ་ཕྱོགས་ ལྷག་པར་དུ་རང་ཉིད་སོན་པོར་གནས་ཐབས་སོགས་ལྕི་བའི་གནད་དོན་མང་དག་ཅིག་རང་ཉིད་ཀྱི་དཔུང་པའི་ཐོག་ཀྱང་བབས་ཡོད་པ་རེད།།