རྒྱ་ནག་གཞུང་གིས་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་པ་ཞིག་ཆུང་སྲིད་རིན་པོ་ཆེར་ཐུག་འཕྲད་ཀྱི་གོ་སྐབས་འཕྲལ་དུ་སྤྲོད་དགོས་ཞེས། སྲིད་སྐྱོང་ནས།
བོད་མིའི་སྒྲིག་འཛུགས་གཞུང་མང་གཉིས་ཀྱི་ཐོག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༥ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཞིག སྤྱི་ཟླ་ ༤ པའི་ཚེས་ ༢༥ ཉིན་འཚོགས་ཡོད་པའི་སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ཨི་སི་ཐོ་ནི་ཡ་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Jukku-Kalle Raid ལགས་སོགས། རྒྱལ་ཁབ་དེའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་སྤྲུལ་སྐུ་དང་ལ་དྭགས་ནང་ཚོགས་ཀྱི་སྐུ་ཚབ་རིག་འཛིན་རྡོ་རྗེ་སོགས་ཕེབས་པའི་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་བོད་མིའི་སྒྲིག་འཛུགས་ཀྱིས་༸པཎ་ཆེན་རིན་པོ་ཆེ་རྒྱ་ནག་གིས་གློད་གྲོལ་སོགས་ཀྱི་ཆེད་ལས་འགུལ་རིམ་པར་སྤེལ་བ་ངོ་སྤྲོད་དང་འབྲེལ། རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་པ་ཞིག་ཆུང་སྲིད་རིན་པོ་ཆེར་ཐུག་འཕྲད་ཀྱི་གོ་སྐབས་འཕྲལ་དུ་སྤྲོད་དགོས་པའི་འབོད་སྐུལ་གནང་གི་འདུག
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས། ༸པཎ་ཆེན་རིན་པོ་ཆེའི་གནད་དོན་གྱི་ཐད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས། རྒྱལ་སྤྱིའི་གཞུང་སྒེར་སྒྲིག་འཛུགས་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་བཅས་བརྒྱུད། རྒྱ་ནག་གཞུང་ལ་གནོན་ཤུགས་དང་སྐྱོན་བརྗོད་འབོད་སྐུལ་རབ་དང་རིམ་པར་བྱས་པ་སོགས་གསལ་སྟོན་དང་བསྟུན། རྒྱ་ནག་དམར་གཞུང་ནས་ཀྱང་ཀུན་གཟིགས་རིན་པོ་ཆེ་སྐུ་འཁོར་དང་བཅས་པའི་གནས་བབ་ངེས་པར་དུ་ཕྱི་གསལ་ནང་གསལ་བཟོ་དགོས་པའི་འབོད་སྐུལ་གནང་གི་འདུག
བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་ནས། བོད་མི་ཚོས་གཞུང་མང་བློ་ཁ་གཅིག་སྒྲིལ་དང་ནུས་པ་མཉམ་སྤུང་གིས་ཛ་དྲག་གི་ལས་འགུལ་སྤེལ་ཏེ། རྒྱ་ནག་གི་མུན་བཙོན་དུ་ཚུད་པའི་ཀུན་གཟིགས་རིན་པོ་ཆེ་དང་བྱ་བྲལ་རིན་པོ་ཆེ་སོགས་མྱུར་དུ་སྐྱོབ་ཐབས་གནང་དགོས་པའི་འབོད་སྐུལ་གནང་གི་འདུག
ཐ་དོན་སྐུ་མགྲོན་གཙོ་བོ་ཨི་སི་ཐོ་ནི་ཡ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Jukku-Kalle Raid ལགས་ནས་གསུང་བཤད་གནང་དོན། བོད་དང་ཨི་སི་ཐོ་ནི་ཡ་གཉིས་ཀར་འདས་པའི་སྐྱོ་སྡུག་གི་ལོ་རྒྱུས་གཅིག་མཚུངས་ཤིག་ཡོད་པ་དང་། བོད་མི་ས་ཡ་དྲུག་དང་ཨི་སི་ཐོ་ནི་ཡ་རྒྱལ་ཁབ་ཆུང་ཆུང་གི་མི་ཚོས་བསམ་བློ་རྒྱ་ཆེན་པོ་བཏང་མ་ཐུབ་ན། སོ་སོའི་ངོ་བོ་འཛིན་ཐུབ་རྒྱུ་དཀའ་ལས་ཁག་པོ་ཡིན་པས། བཙན་རྒྱལ་ཆེན་པོ་རྣམས་ཀྱང་མཐར་ཐུག་ཐལ་རྡུལ་གྱི་ཁྲོད་འཐིམ་རྒྱུ་ཡིན་ངོས་འཛིན་གྱིས། བོད་རང་དབང་གི་དོན་དུ་འཐབ་རྩོད་གནང་རྒྱུ་ནི་ང་ཚོ་ཚང་མའི་ལས་འགན་རེད་ཅེས་སྐུལ་མ་གནང་གི་འདུག་ཅིང་།
ཡོ་རོབ་ཨི་སི་ཐོ་ནི་ཡ་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་པ་ཚོས། ཉིན་འདིར་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ལའང་མཇལ་ཁ་ཞུས་ཡོད་པ་དང་། ཡང་ཉི་མ་འདིར་གདན་ས་བཀྲ་ཤིས་ལྷུན་པོ་དང་ཧི་མ་ལ་ཡའི་དགོན་པ་དང་ཚོགས་པ་ཁག་བཞི་ཟུང་འབྲེལ་གྱི་སྒོ་ནས། ཞུ་འབོད་རེ་འདུན་དོན་ལྔ་ཅན་ཞིག་བཏོན་པའི་ནང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་མཆོག་གི་ཛ་དྲག་གནས་སྟངས་གསལ་རྟོགས་ཡོང་ཆེད། རྒྱ་ནག་ཏུ་ཕྱི་རྒྱལ་གཞུང་ཚབ་མི་སྣས་པཎ་ཆེན་རིན་པོ་ཆེར་དངོས་སུ་མཇལ་འཕྲད་ཐུབ་པའི་གཞུང་འབྲེལ་ཁྲིམས་འཆར་གཏན་འབེབས་གནང་དགོས་པ་དང་། ཕྱི་རྒྱལ་གཞུང་སྒེར་ཚོགས་སྡེ་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ནས་༸པཎ་ཆེན་རིན་པོ་ཆེར་འགྲོ་བ་མི་ཐོབ་ཐང་དང་ཆོས་དད་རང་དབང་། བྱིས་པའི་ཐོབ་ཐང་བཅས་མེད་པར་ངོས་འཛིན་གྱི་གཟེངས་རྟགས་རིགས་འབུལ་ཐབས་གནང་དགོས་པ་སོགས་འཁོད་འདུག
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།