ཨ་སམ་གྲོས་ཚོགས་འཐུས་མི་རྡི་ལིཔ་སཨི་ཀིཨ་ལགས་ནས་བོད་ནང་རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་སྟེང་ཆུ་རགས་འཛུགས་བསྐྲུན་ཐད་བློ་འཚབ་བསྟན་པ།
ཟླ་བ་འདིའི་ཚེས་ ༡༠ ཉིན། ཨ་སམ་གྱི་ (Darrang-Udalguri) ཡིས་གྲོས་ཚོགས་འཐུས་མི་སྐུ་ཞབས་རྡི་ལིཔ་སཨི་ཀིཨ་ (Dilip Saikia) ལགས་ཀྱིས་སྔོན་རྩིས་གྲོས་ཚོགས་འཚོག་བཞིན་པ་དང་བསྟུན། རྒྱ་ནག་གཞུང་གིས་བོད་ཀྱི་ཡར་ཀླུང་གཙང་པོའི་སྟེང་འཛམ་གླིང་གི་ཆུ་རགས་ཆེ་ཤོས་ཞིག་རྒྱག་འཆར་ཡོད་པ་དེས་མར་བརྒྱུད་རྒྱལ་ཁབ་རྒྱ་གར་དང་ (Bangladesh) དེ་བཞིན་ཧི་མ་ལ་ཡའི་སྐྱེས་ཁམས་བཅས་ལ་གནོད་སྐྱོན་ཐེབས་ཉེན་ཡོད་པས། རྒྱ་གར་དབུས་གཞུང་ནས་ཆུ་རགས་འཛུགས་བསྐྲུན་དེ་བཀག་འགོག་ཡོང་བའི་ཐབས་ལམ་འཚོལ་དགོས་པའི་རེ་སྐུལ་གནང་འདུག
དེ་ཡང་རེས་གཟའ་ཟླ་བའི་ཉིན་གྲོས་ཚོགས་ཀྱི་ (Zero Hour) ཞེས་པའི་ཛ་དྲག་གནད་དོན་སྐོར་གྱི་གླེང་སློང་སྐབས།། ཡར་ཀླུང་གཙང་པོ་ནི་རྒྱ་གར་ཨ་སམ་དང་། ཨ་རུ་ཎཱ་ཅལ། དེ་བཞིན་བྷང་ལ་དྷེཤ་བརྒྱུད་ནས་རྒྱུག་བཞིན་ཡོད་སྟབས། ས་ཁུལ་དེ་དག་ (Ring of Fire Zone) ཞེས་འཛམ་གླིང་ནང་མེ་ཡི་འཇིགས་པ་བྱུང་སླ་བའི་ས་ཚིགས་ཡིན་པ་མ་ཟད། ཆུ་རགས་འཛུགས་བསྐྲུན་དེ་བཞིན་དངོས་སུ་སྒྲུབ་ཚེ། རྒྱ་ནག་ལ་གཙང་ཆུའི་སྟངས་འཛིན་དང་གསོག་ཉར་བྱེད་པའི་བདག་དབང་ཐོབ་སྲིད་པས། ཨ་རུ་ཎཱ་ཅལགྱི་སི་ཡང་ (Siang) དང་ས་ཁུལ་གཞན་ཁག་ལ་རྟག་ཏུ་ཆུ་དཀོན་པའི་དཀའ་ངལ་འཕྲད་ངེས་ཡིན་ལ། ད་དུང་འདིའི་ཁུལ་གྱི་མི་མང་དང་རིག་གཞུང་ལ་དོ་ཕོག་ཐེབས་ཀྱི་ཡོད་པ་བརྗོད་འདུག་ལ། གནད་དོན་དབྱེ་ཞིབ་པ་ཚོས་ཆུ་རགས་ཀྱི་དཀའ་ངལ་གཙོས་རྒྱ་དཀར་ནག་དབར་གྱི་གནད་དོན་སེལ་བར་བོད་ཀྱི་གནད་དོན་ལ་ཐུག་ཡོད་པ་ངོས་འཛིན་གནང་གི་འདུག
གནད་དོན་དེ་དང་འབྲེལ་བོད་སྲིད་བྱུས་ཉམས་ཞིབ་ཁང་གི་འཕགས་བོད་འབྲེལ་ལམ་གྱི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། ད་ལྟ་ཡར་ཀླུང་གཙང་པོ་སྟེང་གི་ཆུ་རགས་དེ་རྒྱ་གར་ཨ་རུ་ཎཱ་ཅལ་དང་ཉེ་བས་བོད་ཀྱི་མེ་ཏོག་རྫོང་ལ་ཆགས་ཡོད་པས། ས་ཆའི་གནས་བབ་འདི་ནམ་རྒྱུན་ནས་བདེ་སྲུང་། ཁོར་ཡུག་སོགས་ཀྱི་ཐད་རྩོད་རྙོག་ཆེ་བའི་ས་ཆ་་ཞིག་ཆགས་བསྡད་ཡོད། སོང་ཙང་འཕགས་བོད་གཉིས་བར་མ་མཐུན་པའི་གཞིའམ་ཁུངས་ཏུགས་ས་དེ་རྒྱ་ནག་གི་བོད་བཙན་འཛུལ་བྱས་པ་དེ་ལ་ཐུག་པ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་ངོས་ནས་ཡར་ཀླུང་གཙང་པོ་སྟེང་འཛམ་གླིང་སྟེང་གི་ཆུ་རགས་ཆེ་ཤོས་རྒྱག་ཆོག་པའི་ཆོག་མཆན་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢༥ ཉིན་ཐོག་མར་སྤྲོད་ཡོད་ལ། ཆུ་རགས་དེ་བརྒྱབ་རྒྱུར་ཨ་སྒོར་ཐེར་འབུམ་ ༡༣༧ ལྷག་གི་འགྲོ་གྲོན་བཏོང་འཆར་ཡོད་ཅིང་། ཆུ་རགས་དེ་ལས་གློག་ཤུགས་ཐེར་འབུམ་ ༣༠༠ KwH མཁོ་འདོན་ཐུབ་ཀྱི་ཡོད་སྐོར་བསྒྲགས་ཡོད།
ཉེ་ལམ་རྒྱ་དཀར་ནག་གཉིས་ཀྱི་ཕྱི་འབྲེལ་དཔོན་རིགས་ཚོགས་འདུ་ཞིག་གི་ཐོག ཆུ་བོ་དང་ཆུ་རགས་འཛུགས་སྐྲུན་དང་འབྲེལ་བའི་གནས་ཚུལ་བརྗེ་ལེན་བྱ་རྒྱུར་ཕྱོགས་གཉིས་ནས་མོས་མཐུན་བྱས་ཀྱང་། དེ་དོན་མདུན་སྐྱོད་ཇི་ལྟར་བྱ་རྒྱུ་ཡིན་མིན་ཞིབ་ཕྲའི་གནས་ཚུལ་གང་ཡང་ཐོན་མེད།
ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་བསྒྲགས་གཏམ་དེ་ཚོར་རེ་བ་མེད་ཅེས་དང་། ཆུ་དང་འབྲེལ་བའི་གནད་དོན་ལ་ཐུག་དུས། རྒྱ་ནག་གིས་ཆུ་དང་འབྲེལ་བའི་ཆིངས་ཡིག་ལ་མིང་རྟགས་བཀོད་མེད་པས་དབང་ཚད་ཆ་ཚང་ཡོད་པ་དང་། རྒྱ་ནག་དམར་ཤོག་གི་གཞུང་ཡིན་དུས། མང་གཙོ་ཡིན་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ངོ་དགའ་སྤྲེལ་ལད་དང་བསྟུན་དགོས་པའི་གནས་སྟངས་ཆགས་མེད་པ་དེ་རྐྱེན་གཅིག་རེད། དེ་མིན་རྒྱ་ནག་གི་ཆུ་དེ་ཆབ་སྲིད་ཀྱི་ལག་ཆ་ལྟ་བུ་བེད་སྤྱོད་བྱེད་ཀྱི་ཡོད། ཅེས་གསུང་གི་འདུག
དེ་དང་ཕྱོགས་མཚུངས་དེ་སྔོན་ཨ་རུ་ཎཱ་ཅལ་སྲིད་བློན་པད་མ་མཁའ་འགྲོ་ལགས་ནས་ཀྱང་། བོད་ནི་ཆུ་བོ་ཆེ་ཁག་མང་པོ་ཞིག་གི་འབྱུང་ཁུངས་ཡིན་པས། རྒྱ་ནག་གི་ཕྱི་ལོ་ ༢༠༠༠ ནས་བཟུང་ཆུ་རགས་འཛུགས་བསྐྲུན་གྱི་ལས་གཞི་མང་པོ་ཞིག་འགོ་བཙུགས་ཡོད། ད་དུང་རྒྱ་ནག་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆུའི་ཆིངས་ཡིག་ལ་མཚན་རྟགས་བཀོད་མེད་ཙང་། ཆུ་རགས་འཛུགས་བསྐྲུན་དང་འབྲེལ་བའི་ལས་འཆར་ཁག་ལ་རྒྱལ་ཁབ་གཞན་དང་མ་བསྟུན་པར་རང་སྣང་གང་ཤར་གྱི་ལག་ལྟར་བྱས་བཞིན་ཡོད་པ་ཁོར་ཡུག་དང་བདེ་འཇགས་ཞེས་པའི་བགྲོ་གླེང་ཚོགས་འདུའི་ཐོག་གསུངས་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།