རྒྱ་གར་གྱི་ཀ་ཤི་མིར་ས་གནས་སུ་འབར་རྫས་ཀྱིས་གཏོར་རྒོལ།
2011.04.08
༄༅༎རྒྱ་གར་གྱི་ཀ་ཤི་མིར་ས་གནས་ནང་འབར་རྫས་གས་ཐོར་གྱི་དོན་རྐྱེན་བྱུང་ནས་ཁུལ་དེའི་ནང་སྙན་གྲགས་ཆེ་བའི་ཁ་ཆེའི་ཆོས་དཔོན་ཞིག་རྐྱེན་འདས་སུ་ཕྱིན་ཡོད་པ་ས་གནས་ཉེན་རྟོག་པས་འགྲེལ་བརྗོད་བྱས་ཡོད་པ་རེད་
ཉེན་རྟོག་པས་འགྲེལ་བརྗོད་བྱས་དོན་ལྟར་ན་ འབར་རྫས་དེ་བཞིན་ཀ་ཤི་མིར་གྱི་གྲོང་ཁྱེར་སི་རི་ན་གའི་ཁ་ཆེའི་ཆོས་ཁང་ཞིག་གི་ཉེ་འགྲམ་དུ་བྱུང་ཡོད་པ་དང་འབར་རྫས་གས་ཐོར་ཕྱིན་ནས་ཁ་ཆེའི་ཆོས་ལུགས་ཚོགས་པ་ཇ་མིཡཏ་ཨེ་ཨ་ལེ་ཧ་དིཐ་ཞེས་པའི་འགོ་ཁྲིད་མོལ་ལྦི་ཨེ་མེརྡ་ཤའ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་ དེ་མིན་མི་གཞན་གཉིས་ཀྱང་འབར་རྫས་གས་ཐོར་གྱི་དོན་རྐྱེན་དེའི་ནང་རྐྱེན་འདས་སུ་ཕྱིན་ཡོད་འདུག ད་ལྟའི་ཆར་འབར་རྫས་ཀྱི་གཏོར་རྒོལ་གྱི་བྱ་སྤྱོད་སྤེལ་མཁན་སུ་ཡིན་ཁས་ལེན་བྱ་མཁན་བྱུང་མེད་པ་རེད་ ༡༩༨༠ལོ་ནས་བཟུང་ཨི་སེ་ལམ་ཁ་ཆེའི་དྲག་སྤྱོད་ཚོགས་པ་བཅུ་གྲངས་ཀྱིས་ཁ་ཤི་མིར་རྒྱ་གར་གྱི་མངའ་ཁོངས་ནས་རང་བཙན་ཡོངས་ཐབས་ཆེད་དྲག་པོའི་འཐབ་རྩོད་བྱས་ནས་མི་གྲངས་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང་ ཁ་ཆེའི་དྲག་སྤྱོད་ཤོག་ཁག་དེ་ཚོའི་རྒྱབ་ཕྱོགས་སུ་པ་ཀི་སི་ཐན་གྱི་རྒྱབ་སྐྱོར་དང་རོགས་རམ་བྱེད་ཀྱི་ཡོད་པ་རྒྱ་གར་ཕྱོགས་ནས་སྐྱོན་འཛུགས་གནང་གི་ཡོད་ཀྱང་པ་ཀི་སི་ཐན་གཞུང་གིས་ཁས་ལེན་བྱེད་ཀྱི་མེད་པ་རེད་