གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་གྱི་འཛིན་སྐྱོང་བདག་དབང་ནང་པ་རང་ལ་དགོས་ཞེས་ལ་དྭགས་སུ་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་གནང་སོང་།

2025.03.04
གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་གྱི་འཛིན་སྐྱོང་བདག་དབང་ནང་པ་རང་ལ་དགོས་ཞེས་ལ་དྭགས་སུ་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་གནང་སོང་། ཟས་བཅད་ངོ་རྒོལ་གནང་བཞིན་པ། ༢༠༢༥།༠༣།༠༤
RFA

ནང་པའི་གནས་ཆེན་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་གྱི་འཛིན་སྐྱོང་ནང་པར་རང་ལ་རྩིས་སྤྲོད་དགོས་པའི་ཞི་རྒོལ་གནང་བཞིན་པར་རྒྱབ་སྐྱོར་མཚོན་ཆེད་ལ་དྭགས་སུ་ནང་ཚོགས་དང་དགོན་ཚོགས་གཉིས་ཀྱི་གོ་སྒྲིག་འོག་ཉིན་གྲངས་གཅིག་རིང་ཟས་བཅད་ངོ་རྒོལ་གནང་སོང་། 

སྤྱི་ལོ་ ༢༠༢༥ ཕྱི་ཟླ་༣ ཚེས་༤ ཉིན་ལ་དྭགས་རྒྱལ་ས་གླེ་གཙོས་ལ་དྭགས་ཡུལ་ཁག་འདྲ་མིན་དུ་ལ་དྭགས་ནང་པའི་ཚོགས་འདུ་དང་ལ་དྭགས་དགོན་སྤྱི་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག ནང་པའི་གནས་ཆེན་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་གྱི་འཛིན་སྐྱོང་བ་ཡོངས་རྫོགས་ནང་པ་དགོས་པའི་ཞི་རྒོལ་ལ་རྒྱབ་སྐྱོར་མཚོན་ཆེད་ཉིན་གྲངས་གཅིག་རིང་ཟས་བཅད་ངོ་རྒོལ་གནང་སོང་ལ། སྐབས་དེར་ཞི་རྒོལ་བ་རྣམས་ནས་རྒྱ་གར་གཞུང་གི་ཁྲིམས་ཡིག་(Bodh Gaya Temple Act 1949)ནང་གསལ། བྱང་ཆུབ་མཆོད་རྟེན་གྱི་འཛིན་སྐྱོང་ཆུང་ནང་ནང་པ་བཞི་དང་ཧིན་དྷུ་བཞི། དེ་བཞིན་ག་ཡ་རྫོང་གི་རྫོང་དཔོན་འཛིན་སྐྱོང་ཚོགས་ཆུང་གི་ཚོགས་གཙོའི་འགན་འཁུར་སྤྲད་ཡོད་པ་དེ་ཕྱིར་འཐེན་གྱིས་མཆོད་རྟེན་གྱི་འཛིན་སྐྱོང་ཡོངས་རྫོགས་ནང་པར་རྩིས་སྤྲོད་དགོས་པའི་རེ་སྐུལ་གནང་བཞིན་འདུག 
དེ་ཡང་ལ་དྭགས་དགོན་སྤྱི་ལྷན་ཚོགས་ཀྱི་དྲུང་ཆེ་ཚེ་རིང་ཆོས་འཕེལ་ལགས་ནས་འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༡༢ ནས་འགོ་འཛུགས་ཀྱིས་རྒྱ་གར་རྒྱལ་ཡོངས་ནང་པའི་གླེང་སྟེགས་ཞེས་རྒྱ་གར་བྷང་གྷལ་མངའ་སྡེ་ནས་ཡིན་པའི་ནང་པའི་ཚོགས་པ་དེ་དང་། རྒྱ་གར་ཡོངས་ནང་པའི་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག རྡོ་རྗེ་གདན་རང་དུ་ཟས་བཅད་ངོ་རྒོལ་གནང་བཞིན་ཡོད་པ་དེར་རྒྱབ་སྐྱོར་མཚོན་ཕྱིར་ལ་དྭགས་སུ་ཉིན་གཅིག་གི་ཟས་བཅད་ངོ་རྒོལ་གནང་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། 
གཞན་ཡང་ཟས་བཅད་ངོ་རྒོལ་སྐབས་ཨུ་རྒྱན་རིན་པོ་ཆེ་ནས་ནང་པ་ཚང་མ་ཆིག་སྒྲིལ་གནང་ནས་འབད་རྩོལ་བྱས་ན་དཀའ་ངལ་དེ་སེལ་ཐུབ་ངེས་ཡིན་པ་གསུངས་སོང་ལ། དེ་བཞིན་གནད་དོན་དེ་དང་འབྲེལ་ཏེ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་འཛིན་སྐྱོང་གི་དཀའ་ངལ་དེ་བཞིན་གསར་པ་ཞིག་མིན་པར་ལོ་མང་ནས་ནང་པ་མང་པོས་རྩོད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་ལ་དྭགས་ནང་པའི་ཚོགས་འདུ་དང་ལ་དྭགས་དགོན་སྤྱི་ལྷན་ཚོགས། ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཅས་ནས་དེ་རིང་ཕྱི་ཚེས་ ༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་རུ་རྒྱ་གར་གྱི་གྲངས་ཉུང་མི་རིགས་གནད་དོན་དང་འབྲེལ་བའི་བློན་ཆེན་ཀེ་རན་རི་ཇི་ཇུ་ལགས་དང་མཇལ་འཕྲད་ཀྱིས་གནད་དོན་དེ་ཉིད་དཀའ་སེལ་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད་འདུག །

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་ནོར་འཛོམས། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎