རྡོ་རྗེ་མཁའ་འགྲོ་མཆོག་གི་སྐུ་ཕུང་བརྙེད་སོན།
2011.05.05
༄༅༎རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་ལགས་བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན་མོན་རྟ་དབང་ནས་རྒྱལ་ས་ཨི་དྲ་ན་གྷར་ཐད་འཕུར་གནམ་གྲུའི་ནང་ཕེབས་པའི་སྐབས་གནམ་གྲུ་གར་སོང་ཆ་མེད་གྱུར་བ་དང་། འདས་པའི་ཉིན་གྲངས་བཞི་ཙམ་རིང་འཚོལ་ཞིབ་བྱས་པའི་རྗེས་ཁ་ས་རེས་གཟའ་ལྷག་པའི་ཉིན་གནམ་གྲུ་བརྡབ་སྐྱོན་གྱིས་གནམ་གྲུའི་ནང་ཡོད་པའི་སྤྱི་ཁྱབ་བློན་ཆེན་མཆོག་གི་གཙོས་མི་གྲངས་བཞིའི་སྐུ་ཕུང་བརྩད་ཆོད་ཐུབ་པ་བྱུང་ཡོད་པ་རེད། ད་རིང་རེས་གཟའ་ཕུར་བུའི་ཉིན་ཁོང་གི་སྐུ་ཕུང་མངའ་སྡེའི་རྒྱལ་ས་ཨི་དྲ་་ན་གྷར་མི་མང་ཚོར་མཐའ་མའི་མྱ་ངན་གུས་བཏུད་ཞུ་རྒྱུར་གདན་འདྲེན་ཞུས་འདུག་ ཡང་གནས་ཚུལ་ནང་གསལ་ལྟར་ན། སང་ཉིན་གཟའ་པ་སངས་ཉིན་སྲིད་བློན་དྲོག་དྲར་མན་མོ་ཧྣ་སིང་དང་ཀོང་རེ་སེ་ ཨ་ཡེའི་སྤྱི་ཁྱབ་ལྕམ་སོ་ནི་ཡ་ གྷན་རྡི་རྣམ་གཉིས་ཨི་དྲ་ན་གྷར་ཕེབས་ཀྱི་ཡོད་པ་དང་། དེ་ནས་ཁོང་གི་སྐུ་ཕུང་མོན་རྟ་དབང་ཁུལ་གདན་འདྲེན་ཞུས་ནས་ཞུ་འབུལ་ཞུ་རྒྱུ་ཡིན་འདུག རྡོ་རྗེ་མཁའ་འགྲོ་ལགས་དམ་པ་དེ་ཕྱི་ལོ་ ༢༠༠༧ ལོར་ཀོང་རེ་སེ་ཨ་ཡེའི་ཚོགས་པའི་ཐོག་ནས་འོས་དམིགས་སུ་བཞེངས་ནས་རྒྱལ་ཁ་ཐོབ་པ་དང་། དེ་ནས་སླར་ཡང་ཕྱི་ལོ་ ༢༠༠༩ ལོར་འོས་བསྡུའི་སྐབས་རྒྱལ་ཁ་ཆེན་པོ་ཐོབ་ནས་སྤྱི་ཁྱབ་བློན་ཆེན་འདེམས་ཐོན་བྱུང་བ་ནས་བཟུང་མངའ་སྡེའི་མང་ཚོགས་ཀྱི་བདེ་སྡུག་ལ་དགོངས་པ་ཆེ་བཞེས་ཀྱིས་འཛུགས་སྐྲུན་ཡར་རྒྱས་དང་། ལྷག་པར་དུ་ཤེས་ཡོན་གྱི་མཐུན་རྐྱེན་ཡག་ཏུ་གཏོང་རྒྱུ་བཅས་ལ་ལས་དོན་རྒྱ་ཆེན་པོ་སྤེལ་གནང་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་ཞུ་མཁན་ཞིག་ཡིན་པ་དང་། བོད་མི་ཚོའི་ཐོག་ལའང་གཟིགས་པ་ཆེན་པོ་གནང་མཁན་ཞིག་ཡིན་པ་རེད།