རྒྱ་ནག་ནང་ཕྱིར་འཐེན་དང་ཐེ་ཝན་ནང་འཁྲབ་སྟོན་སྣོན་མ་བྱེད་རྒྱུ།
2015.09.10
ཨ་མི་རི་ཀའི་གླུ་གཞས་གཏོང་མཁན་གྲཊ་ཅན་Bon Joviཡི་རྒྱ་ནག་ནང་གི་འཁྲབ་སྟོན་ཁག་ཕྱིར་འཐེན་རྗེས་ཐེ་ཝན་ནང་འཁྲབ་སྟོན་སྣོན་མ་བྱེད་རྒྱུ་ཡིན་པ།
ཨ་རིའི་Bon Joviརོལ་དབྱངས་ཚོགས་པས་རྒྱ་ནག་གི་གྲོང་ཁྱེར་པེ་ཅིན་དང་། ཧྲང་ཧེ་གཉིས་ནང་འཁྲབ་གཞས་བསྐོར་བསྐྱོད་ཀྱི་འཆར་གཞི་ཡོད་པ་དེ་དག་རྒྱ་ནག་གཞུང་གིས་གློ་བུར་མེད་པ་བཟོས་པར་བརྟེན། རོལ་དབྱངས་ཚོགས་པ་དེ་ཡིས་ཐེ་ཝན་ནང་འཁྲབ་སྟོན་སྣོན་མ་ཞིག་བྱ་རྒྱུ་ཡིན་འདུག
དེའི་ཐད་ཐེ་ཝན་ནང་གོང་ཞུས་རོལ་དབྱངས་ཚོགས་པའི་འཁྲབ་སྟོན་གོ་སྒྲིག་བྱེད་མཁན་Live Nationཞེས་པའི་ཚོང་ལས་ཁེ་གཉེར་ལས་ཁང་གིས་འདི་ཚེས་༡༠ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། སྔོན་འཆར་ལྟར་བྱས་པ་ཡིན་ན། རོལ་དབྱངས་ཚོགས་པ་དེ་ཡིས་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་རུ་ཟླ་བ་འདིའི་ཚེས་༢༨ཉིན་འཁྲབ་སྟོན་ཐེངས་གཅིག་བྱ་རྒྱུ་ཡིན་པ་དེ་ལྟར་ཡང༌། ད་ཆ་རྒྱལ་ས་ཐེ་པེ་རུ་འཁྲབ་སྟོན་ཐེངས་གཉིས་པ་ཞིག་བྱ་རྒྱུ་ཡིན་པ་དང༌། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི། གཅིག་ནས་རོལ་དབྱངས་ཚོགས་པ་དེ་ཡིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་། གྲོང་ཁྱེར་ཧྲང་ཧེ་བཅས་པར་འཁྲབ་སྟོན་བྱེད་འཆར་ཡོད་པ་དེ་དག་རྒྱ་ནག་གཞུང་གིས་གློ་བུར་མེད་པ་བཟོས་པ་དང༌། ཡང་རྒྱུ་མཚན་གཞན་ཞིག་ནི་ཐེ་ཝན་ནང་ཐེངས་གཅིག་འཁྲབ་སྟོན་བྱ་རྒྱུའི་འདུ་འཛོམས་དེའི་ལག་འཁྱེར་ཡོངས་རྫོགས་ཚོང་འགྲེམ་བྱེད་ཐུབ་པ་བྱུང་བར་སོང༌། རོལ་དབྱངས་ཀྱི་འདུ་འཛོམས་གཉིས་པ་ཞིག་གོ་སྒྲིག་བྱས་པ་དེར་ཡང་མང་ཚོགས་བལྟ་བར་ཡོང་མཁན་རག་གི་རེད་བསམ་པའི་ཚོད་དཔག་བྱས་པ་ཡིན་འདུག
གནས་ཚུལ་ནང་གསལ་བར་བྱས་ན། རྒྱ་ནག་གཞུང་གིས་Bon Joviརོལ་དབྱངས་ཚོགས་པའི་འཁྲབ་སྟོན་གློ་བུར་མེད་པ་བཟོ་དགོས་དོན་ཇི་ཡིན་གསལ་བསྒྲགས་བྱས་མེད་ཀྱང༌། གནད་དོན་ཉམས་ཞིབ་པ་ཚོས་དེའི་རྒྱུ་མཚན་ནི་རོལ་དབྱངས་ཚོགས་པ་དེ་ཡིས་བོད་དོན་ཐོག་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་བྱས་པར་ཐུག་གི་ཡོད་པ་དཔེར་ན། ཕྱི་ལོ་༢༠༡༠ལོར་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་འཁྲབ་སྟོན་ཞིག་བྱས་པའི་སྐབས། རོལ་དབྱངས་ཚོགས་པ་དེ་ཡིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་རྒྱབ་ལྗོངས་སུ་བསྟན་པའི་འགྲེལ་བརྗོད་བྱེད་ཀྱིན་ཡོད་འདུག
གསར་འགོད་པ་ངག་ཆོས།