བོད་ཀྱི་ས་མཚམས་སུ་ཚོགས་འདུ་ཚོགས་པ་ནི་རྒྱ་ནག་གི་ལྐོག་ཐབས་ཤིག་རེད་ཟེར།

2020.12.11
བོད་ཀྱི་ས་མཚམས་སུ་ཚོགས་འདུ་ཚོགས་པ་ནི་རྒྱ་ནག་གི་ལྐོག་ཐབས་ཤིག་རེད་ཟེར། རྒྱ་གར་གྱི་དམག་མི་ལ་དྭགས་ཕྱོགས་སུ་བསྐྱོད་བཞིན་པ། ༩།༣།༢༠༢༠
REUTERS

བོད་ཀྱི་མཐའ་མཚམས་སུ་རྒྱ་ནག་གཞུང་གིས་ས་མཚམས་དང་འབྲེལ་བའི་ཚོགས་འདུ་ཚོགས་པ་ནི་རྒྱ་གར་དང་ས་མཚམས་རྩོད་རྙོག་ཡོད་སྐབས་རྒྱ་ནག་གིས་ལྐོག་གྱུར་གྱི་ཐབས་ཇུས་ཤིག་ཡིན་པར་གནད་དོན་དབྱེ་ཞིབ་པས་ཚོད་དཔག་བྱེད་བཞིན་འདུག
ཕྱི་ཟླ་ ༡༢ ཚེས་ ༨ དང་ ༩ ཉིན་གཉིས་རིང་བོད་ཀྱི་གྲོ་མོ་རྫོང་དུ་རྒྱ་ནག་གཞུང་གིས་མཐའ་མཚམས་སྟོབས་ཆེར་གཏོང་བའི་ཚོགས་འདུ་ཟེར་བ་ཞིག་བོད་རང་སྐྱོང་ལྗོངས་ཟེར་བའི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ ཝུའུ་དབྱིང་ཅེས་སྣེ་ཁྲིད་འོག་ཚོགས་ཤིང་། རྒྱ་གར་དང་རྒྱ་ནག་དབར་ས་མཚམས་ཐད་རྩོད་རྙོག་ཡོད་མུས་སྐབས་ཚོགས་འདུ་འདི་ལྟར་ཚོགས་པ་ནི་རྒྱ་ནག་གིས་ལྐོག་གྱུར་གྱི་ཐབས་ཇུས་རབ་དང་རིམ་པ་སྤེལ་རྒྱུའི་འཆར་གཞིའི་རྣམ་གྲངས་ཡིན་པར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིག་ཁང་གི་ཉམས་པས་ཚོད་དཔག་གནང་གི་འདུག
གྲོ་མོ་རྫོང་ནི་དེང་སྐབས་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་གཞིས་རྩེ་གྲོང་ཁྱེར་ཁོངས་སུ་བཅུག་ཡོད་པ་དང་། གྲོ་མོ་ནི་རྒྱ་གར་འབྲས་ལྗོངས་མངའ་སྡེ་དང་ས་མཚམས་འཁེལ་བའི་གནད་འགག་ཆེ་བའི་ས་ཁུལ་ཞིག་ཡིན་པ་རེད། རྒྱ་ནག་གིས་མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་ཚོགས་འདུ་ཟེར་བ་དེའི་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་བཏོན་པ། དེ་བཞིན་རྒྱ་ནག་དབུས་གཞུང་གིས་བོད་ཀྱི་ལས་དོན་སྐོར་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་བཀོད་སྒྲིག་གསལ་བསྒྲགས་བྱས་གཞིར་བཟུང་། མཐའ་མཚམས་སྟོབས་ཆེར་གཏོང་བ་དང་མཐའ་མཚམས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ། མཐའ་མཚམས་འཛུགས་སྐྲུན་མགྱོགས་སུ་བཏང་ནས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགལ་ལེན་སོགས་ལ་དམིགས་པ་ཞིག་ཡིན་ལུགས་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་བཀོད་སྤེལ་བྱས་ཡོད་པ་རེད།
ཚོགས་འདུ་དེར་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་ཏང་ཨུ་དང་བོད་དམག་ཁུལ་ཁང་གི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཝུའུ་དབྱིང་ཅེ་ཆེད་མངགས་བསྐྱོད་ཐོག་གཏམ་བཤད་བྱས་ཅིང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་ཚོགས་འདུ་དེར་ཚོགས་བཅར་པ་ནི་ལྗོངས་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱུན་ལས་ལྷན་ཁང་གི་འགོ་ཁྲིད་དང་གྲོ་མོ་ཁུལ་གྱི་འཛིན་སྐྱོང་འགོ་ཁྲིད་ཚོ་མཉམ་ཞུགས་བྱས་པ་དང་། དམིགས་བསལ་དོགས་གཞི་བྱ་དགོས་པ་ཞིག་ནི་བོད་དམག་ཁུལ་ཁང་གི་མགོ་ཁྲིད་ཚོ་དང་། དམངས་དམག་མཉམ་འབྲེལ་ཞེས་བོད་ནང་ས་མཚམས་ཁག་ཏུ་རྒྱ་ནག་གིས་ཡུལ་དམག་མང་པོ་ལ་སྦྱོང་བརྡར་སྤྲད་ཡོད་པ་ཚོ་བཅས། མདོར་ན་ཚོགས་འདུ་དེར་དམག་དང་སྲིད། ས་མཚམས་བརྟན་བརླིང་དང་འཛུགས་བསྐྲུན། གྲོང་གསེབ་ཡར་རྒྱས་སོགས་ཚང་མའི་ལས་སྣེ་རྣམས་བསྡུས་ཏེ་ཚོགས་འདུ་འཚོགས་པ་འདི་ནི། རྒྱ་ནག་གི་འཆར་གཞི་དེའི་ནང་ས་མཚམས་བརྟན་བརླིང་ལབ་པ་ཙམ་མ་གཏོགས། དོན་གྱིས་རྒྱ་གར་ལ་ཁག་པོ་བཟོ་རྒྱུ་དང་རྒྱ་གར་ལ་བརྡ་ལན་སྤྲོད་ཐབས་ཤིག་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
ཡང་རྒྱ་གར་གྱི་དམག་དོན་ཉམས་ཞིབ་པ་ པཱི་ཇི་ཀ་མཱཏ་(PG Kamath)ལགས་ནས། རྒྱ་ནག་ནི་དམར་ཤོག་སྒེར་གཅོད་ཀྱི་རྒྱལ་ཁབ་ཞིག་ཡིན་པས། རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་ཁག་ཏུ་བཙན་དབང་གིས་མི་སེར་གཞིས་ཆགས་བཅུག་སྟེ། གཞན་གྱི་ས་ཆ་ཟ་ཅི་ཐུབ་དང་རྒྱ་གར་གྱི་ས་ཆ་ལ་བཙན་འཛུལ་བྱེད་བཞིན་པར་བརྟེན། རྒྱ་གར་གྱིས་ཀྱང་ས་མཚམས་ས་ཐིག་དང་ཐག་ཉེ་སར། རང་གི་གྲོང་གསེབ་གང་མང་གནས་སྤོས་བྱེད་དགོས་པའི་དགོངས་ཚུལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད་པ་རེད།
ཉམས་ཞིབ་པ་ཀ་མཱཐ་ལགས་ཀྱིས་མུ་འཐུད། རྒྱ་གར་ནི་མང་གཙོའི་རྒྱལ་ཁབ་ཞིག་ཡིན་པས་རྒྱ་ནག་ནང་བཞིན་སོ་སོའི་མི་སེར་ལ་བཙན་དབང་གིས་བཀའ་བཏང་ཐུབ་ཀྱི་མ་རེད། འོན་ཀྱང་ཕ་རོལ་པོ་རྒྱ་ནག་གཞུང་གིས་དང་པོ་མི་སེར་རྣམས་རྩོད་རྙོག་ཅན་གྱི་ས་ཐོག་ཏུ་གནས་སྤོས་བཅུག་ནས་རིམ་པས་མི་སེར་གྱི་ནང་ས་མཚམས་སྲུང་དམག་བཞག་ཡོང་གི་ཡོད་པ་དང་། རིམ་པས་ས་ཆ་དེ་ཚོ་འཕྲལ་དུ་ཁོ་རང་ཚོའི་ཡིན་ལུགས་ཀྱི་ཧམ་པ་བཤད་བཞིན་པ་ཡིན་པས། རྒྱ་གར་གྱིས་ཀྱང་རང་གི་ས་མཚམས་གྲོང་གསེབ་ཁག་ནང་སོ་ལྟ་ཁང་གང་མང་འཛུགས་པ་དང་། མཐའ་མཚམས་ཀྱི་རྒྱ་གར་མི་སེར་ཚོ་རྒྱལ་མཚམས་ས་ཐིག་དང་ཐག་ཉེ་སར་གང་ཐུབ་ཀྱིས་གནས་སྤོའི་ལས་དོན་སྤེལ་དགོས་ཀྱི་རེད་ཅེས་གསུངས་ཡོད།
ལོ་འདིའི་སྤྱི་ཟླ་དྲུག་པའི་ཚེས་པ་༡༥ཉིན། རྒྱ་གར་དང་རྒྱ་ནག་གི་དམག་དཔུང་བར། ས་མཚམས་རྩོད་རྙོག་གིས་ལག་འཛིངས་ཤོར་ཏེ། རྒྱ་གར་གྱི་དམག་མི་༢༠རྐྱེན་ལམ་དུ་བཏང་བ་དང་། རྒྱ་ནག་གི་དམག་མི་ཇི་ཙམ་ཤི་རྨས་སུ་བཏང་བ་གསལ་ཁ་མེད་པ་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎