རྒྱལ་སྤྱིའི་ཨོ་རྩལ་གོ་སྒྲིག་ཚོགས་པའི་ནོར་འཁྲུལ་ཅན་གྱི་ཐག་གཅོད་ཐེར་འདོན་ཞུ་གཏུག་བྱས་བ་ངོས་བཞེས་གནང་འདུག

ད་ལོའི་ཕྱི་ཟླ་བདུན་པའི་ཚེས་༢༣་ཉིན། སུད་སིའི་ནང་ཡོད་པའི་སུད་བོད་མཐུན་གྲོགས་ཚོགས་པ་དང་། ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས། སུད་སི་དང་ལིག་ཏེན་སིཌཡན་བོད་རིགས་ཚོགས་པ་བཅས་ཚོགས་པ་བཞི་ཐུན་མོང་གིས། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་མཐུན་ཚོགས་ལ། རྒྱལ་སྤྱིའི་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་གོ་སྒྲིག་ཚོགས་པས་རྒྱལ་སྤྱིའི་ཚོང་ལས་ཚོགས་པ་དེའི་གཞི་རྩའི་རྩ་འཛིན་དང་འགལ་ནས། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྣང་མེད་བཏང་སྟེ། རྒྱ་ནག་པེ་ཅིན་དུ་༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་སུ་བཅུག་པའི་ཐད་རྟོག་ཞིབ་བྱེད་དགོས་པའི་ཞུ་གཏུག་ཡིག་ཆ་ཞིག་སྤྲད་པ་ཡོད་པ་དང་། དེར་ཟླ་༡༡་པའི་ཚེས་༢༣་ཉིན་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་མཐུན་ཚོགས་ནས་ཞུ་གཏུག་ཡིག་ཆ་དེ་ངོས་ལེན་བྱས་བ་ཁོང་ཚོའི་དྲ་གནས་ཐོག་ཡོད་པ་རེད། དེ་ཡང་གོང་བརྗོད་ཞུ་གཏུག་ལས་དོན་ནང་མཉམ་ཞུགས་གནང་མཁན་བོད་མིའི་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཆེད་མཁས་པ་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཨེ་ཞི་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ངོས་ནས་ད་རེས་ང་ཚོའི་ཞུ་གཏུག་དེར་ངོས་ལེན་བྱས་པ་གསལ་བསྒྲགས་གནང་ཡོད་པ་དང་། ཞུ་གཏུག་ཡིག་ཆ་དེའི་ནང་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་གོ་སྒྲིག་ཚོགས་པ་ནས་ཕྱི་ལོ་༢༠༢༢་ལོའིདགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་རྒྱ་ནག་ལ་སྤྲད་པའི་ཐག་གཅོད་དེ་ནི་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་རྩ་འཛིན་སྒྲིག་གཞི་དང་རྒྱབ་འགལ་ཡིན་པའི་ཐད་ཞུ་གཏུག་བྱས་ཡོད་པ་གསུངས་བྱུང་།
དེ་བཞིན་བོད་མིའི་ཚོགས་པ་བཞི་ཡི་ཞུ་གཏུག་ནང་། བོད་དང་ཤིན་ཅང་སྟེ་ཤར་ཏུར་ཀིསུ་ཐན། ཧོང་ཀོང་། རྒྱ་ནག་གིས་ནང་སོག་ཅེས་འབོད་པའི་ལྷོ་སོག་པོ་བཅས་དང་། དེ་བཞིན་རྒྱ་ནག་མི་དམངས་ཁྲོད་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཐད་རྡོག་རོལ་ཚབས་ཆེན་གཏོང་བཞིན་པ་དེར་སྣང་མེད་ཀྱིས་རྒྱལ་སྤྱིའི་རྩེད་འགྲན་གལ་ཆེན་འདི་རྒྱ་ནག་ནང་འཚོགས་སུ་བཅུག་པར་སྐྱོན་བརྗོད་དང་བཅས་ཞུ་གཏུགས་བྱས་ཡོད་ལ། མ་ཟད་རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་དུ་གདུག་རྩུབ་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་དང་།ཤར་ཏུར་ཀིསུ་ཐན་གྱི་ཡུ་གུར་མི་རིགས་ཐོག་བཙན་ཤེད་ཀྱིས་ངལ་རྩོལ་བྱེད་དུ་བཅུག་ནས་ཅ་དངོས་ཚོང་འགྲེམ་བྱེད་པ། ད་བར་ཤེས་རྟོགས་བྱུང་བའི་ཁྲོད་རྒྱ་གན་གཞུང་ལ་ཞི་རྒོལ་ཆེད་བོད་མི་༡༥༥་ཡིས་རང་ལུས་མེར་བསྲེག་བཏང་བའི་གནས་སྟངས་དངོས་གསལ་སྟོན་བྱས་ཡོད་པ་རེད། ཡང་གོང་བརྗོད་ཞུ་གཏུགས་ཡིག་ཆའི་ནང་། ཕྱི་ལོ་༢༠༢༢་ལོའི་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཚོང་རྫས་མཁོ་སྤྲོད་བྱེད་མཁན་དང་། དཔལ་འབྱོར་མཉམ་ལས་བྱེད་མཁན། ཚོང་ལས་གཉེར་མཁན་བཅས་ཀྱི་བྱ་སྤྱོད་དེ་དག་གོང་བརྗོད་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་རྩ་འཛིན་དང་འགལ་ཟླ་ཆགས་ཡོད་པ་གསལ་བཏོན་གནང་འདུག དེ་བས་ཐེངས་འདིར་བོད་མིའི་ཚོགས་པ་བཞིས་ཞུ་གཏུག་ཡིག་ཆ་སྤྲད་པ་དེ་དཔལ་འབྱོར་དང་འཕེལ་རྒྱས་མཐུན་ཚོགས་ནས་ངོས་ལེན་བྱས་ནས་ཡ་ལན་སྤྲད་པ་ནི་ཐེངས་དང་པོ་དེ་ཡིན་པས། དེ་ནི་བོད་མི་ཚོའི་ཞུ་གཏུག་ལས་དོན་ཐད་ཀྱི་རྒྱལ་ཁ་ཞིག་ཡིན་པ་གསུངས་བྱུང་།
རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་མཐུན་ཚོགས་ནི་ཧྥ་རན་སིའི་རྒྱལ་སར་ཡོད་པ་དང་། ཕྱི་ལོ་༡༩༦༡་ལོར་ཨ་རི་དང་དབྱིན་ཇི། ཧྥ་རན་སི། ཇར་མན་སོགས་ནས་མཉམ་འབྲེལ་གྱིས་བཙུགས་པའི་སྒྲིག་འཛུགས་ཤིག་ཡིན་པ་དང་། ད་ལྟ་མཐུན་ཚོགས་དེར་རྒྱལ་ཁབ་༣༨་ཀྱི་ཚོགས་མི་ཡོད་ལ། ཚོང་རའི་དཔལ་འབྱོར་ནས་གྲུབ་པའི་སྲིད་གཞུང་བར་གྱི་དཔལ་འབྱོར་སྒྲིག་འཛུགས་ཤིག་དང་། དམིགས་ཡུལ་གཙོ་བོ་ནི་འཛམ་གླིང་རང་བཞིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྲིད་གཞུང་བདག་སྐྱོང་སོགས་ལ་འཛམ་གླིང་ཐུན་མོང་གིས་གདོང་ལེན་དང་གོ་སྐབས་དམ་འཛིན་ཐད་ཕྱག་ལས་གནང་བཞིན་ཡོད་འདུག
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།