བོད་ནང་གི་ཁོར་ཡུག་གནས་སྟངས་ངོ་སྤྲོད་ཀྱི་ལྷན་འཛོམས།
2011.04.05
༄༅༎ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་བོད་ནང་གི་ཁོར་ཡུག་གི་གནས་སྟངས་སྐོར་ལ་གོ་རྟོགས་སྤེལ་བའི་ལྷན་འཛོམས་ཤིག་གོ་སྒྲིག་གནང་ཡོད་པའི་སྐོར་དེ་རིང་རེས་གཟའ་མིག་དམར་ཉིན་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་སྦེལ་ཇམ་གྱི་རྒྱལ་ས་སྦར་ར་སེལ་སི་དུ་ཡོད་པའི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་དང༌། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཟུང་འབྲེལ་གྱིས་༢༠༡༡ལོའི་ཕྱི་ཟླ་༣པའི་ཚེས་༣༠ནས་ཕྱི་ཟླ་༤པའི་ཚེས་༤བར་ཉིན་གྲངས་དྲུག་རིང་ལ་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་བོད་ཀྱི་ཁོར་ཡུག་གི་གནས་སྟངས་གོ་རྟོགས་སྤེལ་གནང་ཡོད་ཅིང༌།ལྷན་འཛོམས་དེའི་ནང་ཚོགས་ཞུགས་བ་ནི། ཡོ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་མི་དང༌། ཡོ་རོབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྡེ་ཚན་གྱི་འཐུས་མི། སྦེལ་ཇམ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བཅས་ཡིན་པ་མ་ཟད། ཨོ་སི་ཀྲོ་ལི་ཡའི་སྲིད་དོན་ཞིབ་འཇུག་པ་སྐུ་ཞབས་གེབ་རིཡེལ་ལ་ཕི་ཊེ་གདན་ཞུ་གནང་བ་བཞིན་ཚོགས་ཞུགས་གནང་སྟེ། ཁོང་གིས་ད་བར་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ཞིབ་འཇུག་ཟབ་ནན་གནང་ཡོད་པ་བཞིན། ཁོང་གིས་འདུ་འཛོམས་དེའི་ཐོག་ལ། རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་འབྲོག་པ་ས་ཡ་གཉིས་དང་ཕྱེད་ཀ་ལྷག་བཙན་དབང་གི་སྒོ་ནས་འབྲོག་སའི་འཚོ་བ་བསྐྱལ་དུ་མ་བཅུག་པར་གནས་སྤོ་བྱེད་དུ་བཅུག་པའི་སྲིད་ཇུས་དེ་ཡིས། ལོ་ངོ་དགུ་བརྒྱ་ལྷག་སོང་བའི་བོད་མཐོ་སྒང་གི་ཐོུང་མ་ཡིན་པའི་འབྲོག་པའི་རྒྱུན་སྲོལ་ཤུལ་མེད་དུ་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་སྐོར་དང༌། ད་དུང་བོད་ཀྱི་ཆུ་ཆེན་ཁག་ལ་ཆུ་རགས་བརྒྱབ་པ་དང་གཏེར་ཁ་སྔོག་འདོན་བྱེད་པའི་སྲིད་ཇུས་དེ་ཡིས་ས་མཐོའི་བོད་ཙམ་མ་ཡིན་པར། དེའི་ཉེ་འཁོར་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུའི་ནང་དུ་འཚོ་གནས་བྱེད་བཞིན་པའི་མི་དམངས་ཀྱི་འཚོི་གནས་ལ་ཉེན་ཁ་ཇི་ལྟར་ཡོང་རྒྱུ་ཡིན་པའི་སྐོར་ངོ་སྤྲོད་གནང་བ་དང་ཆབས་ཅིག་ཡོ་རོབ་སྤྱི་མཐུན་ཚོགས་པས་བོད་ལ་རོགས་རམ་གནང་རྒྱུ་ལག་ལེན་དུ་འཁྱོལ་བ་གནང་དགོས་པའི་གཏམ་བཤད་གནང་ཡོད་པ་རེད།