དབྱིན་ཡུལ་འགྲེམས་སྟོན་ཁང་ནས་ཤི་ཙང་ཞེས་པའི་མིང་ཚིག་ཕྱིར་འཐེན་བྱས་འདུག་ཀྱང་། འདོད་བློ་འཁེངས་པ་ཞིག་བྱུང་མེད་པ་ལས་འགུལ་བས་འགྲེལ་བརྗོད་གནང་གི་འདུག

2025.02.25
དབྱིན་ཡུལ་འགྲེམས་སྟོན་ཁང་ནས་ཤི་ཙང་ཞེས་པའི་མིང་ཚིག་ཕྱིར་འཐེན་བྱས་འདུག་ཀྱང་། འདོད་བློ་འཁེངས་པ་ཞིག་བྱུང་མེད་པ་ལས་འགུལ་བས་འགྲེལ་བརྗོད་གནང་གི་འདུག དབྱིན་ཡུལ་འགྲེམས་སྟོན་ཁང་། ཟླ་ཚེས་མི་གསལ།
Tsering Passang

ཉེ་ལམ་དབྱིན་ཇིའི་རྒྱལ་ཁབ་ཀྱི་ (The British Museum) འགྲེམས་སྟོན་ཁང་ཆེན་མོའི་དར་གོས་ཚོང་ལམ་ (Silk Route) དང་འབྲེལ་བའི་འགྲེམས་སྟོན་ནང་གི་བོད་དོན་དང་འབྲེལ་བའི་ཅ་དངོས་ཀྱི་དཀར་ཆག་ཏུ། ནམ་རྒྱུན་རྒྱ་ནག་གཞུང་གིས་དྲིལ་བསྒྲིགས་འགྲེལ་བཤད་རྒྱག་སྟངས་ཇི་བཞིན་དུ། དབྱིན་ཇིའི་སྐད་ཡིག་ནང་(Tibet or Xizang Autonomous Region)བོད་དམ་ཤི་ཙང་རང་སྐྱོང་ལྗོངས་ཞེས་འཁོད་ཡོད་པར། དབྱིན་ཡུལ་ནང་གི་ (Global Alliance for Tibet & Persecuted Minorities) ཞེས་རྒྱལ་སྤྱིའི་བོད་དོན་མནའ་འབྲེལ་དང་བཙན་གནོན་འོག་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་ཚོགས་པ།བོད་རིགས་ཚོགས་པ་བཅས་ནས་མཉམ་རུབ་ཀྱིས་དབྱིན་ཇིའི་འགྲེམས་སྟོན་ཁང་ཆེན་མོར་གནོན་ཤུགས་ཀྱི་ཞུ་ཡིག་རིམ་པས་ཕུལ་བར།  འགྲེམས་སྟོན་ཁང་གིས་དེ་འབྲེལ་མཚན་བྱང་ལ་བསྒྱུར་བཅོས་བཏང་འདུག

དེ་ཡང་ཟླ་ ༢ ཚེས་ ༢༥ ཉིན་དབྱིན་ཇིའི་འགྲེམས་སྟོན་ཁང་གིས་མགྲིན་ཚབ་པས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་བརྒྱུད་ལན་འདེབས་གནང་བའི་ནང་། དབྱིན་ཇིའི་འགྲེམས་སྟོན་ཁང་གི་དར་གོས་ཚོང་ལམ་ཞེས་པའི་དུས་ཐུང་འགྲེམས་སྟོན་ཐོག ‘Tibet or Xizang Autonomous Region’ ཞེས་བོད་ཡང་ན་ཤི་ཙང་རང་སྐྱོང་ལྗོངས་ཞེས་པའི་མཚན་བྱང་གཉིས་བེད་སྤྱོད་བྱས་ཡོད་ཀྱང་། འགྲེམས་སྟོན་ཁང་དེའི་འགྲེམས་སྟོན་བརྒྱུད་ཕྱི་ལོ་ ༥༠༠ ནས་ ༡༠༠༠ བར་གྱི་བོད་བཙན་པོའི་རྒྱལ་རབས་དང་། བོད་ཀྱི་སྐད་དང་རིག་གཞུང་དེ་བཞིན་རྒྱལ་སྤྱིའི་ཐོག་གི་གལ་གནད་རང་བཞིན་གསལ་སྟོན་བྱས་ཡོད་པས། བོད་ལ་ ‘Tibet’ ཞེས་པར་རྒྱ་སྐད་ཀྱི་ཐ་སྙད་ ‘Xizang’ ཞེས་པ་བཀོལ་སྤྱོད་བྱས་པའི་ཐད་དམིགས་ཡུལ་ངན་པ་གཞན་གང་ཡང་མེད་ཅེས་བཀོད་འདུག མ་ཟད་ཁོང་གིས། མཚན་བྱང་དེ་གཉིས་ལ་ཟླ་ ༡ པོའི་ནང་བསྐྱར་ཞིབ་ཀྱིས་ ‘Tibet or Xizang Autonomous Region, China’ ཚབ་ཏུ་ ‘Tibet Autonomous Region, China’ ཞེས་པར་བཅོས་བསྒྱུར་བྱས་ཡོད་པ་དེ་ཡང་། དར་གོས་ཚོང་ལམ་གྱི་དངོས་ཟོག་ཡོང་སའི་ས་ཁུལ་མཚོན་ཆེད་ཡིན་ཞིང་། ཕྱི་ལོ་ ༥༠༠ ནས་ ༡༠༠༠ བར་གྱི་བོད་དང་བོད་བཙན་པོའི་རྒྱལ་རབས་ནི་མཚན་བྱང་དངོས་ཀྱི་ནང་འཁོད་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

མཇུག་ཏུ་དབྱིན་ཇིའི་འགྲེམས་སྟོན་ཁང་གི་མགྲིན་ཚབ་པས། མ་འོངས་བོད་དོན་དང་འབྲེལ་བའི་འགྲེམས་སྟོན་སོགས་ཀྱི་སྐབས། བོད་རིགས་ཚོགས་པ་དང་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ཆེད་མཁས་པ་རྣམས་ཀྱི་ལམ་སྟོན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག

(Global Alliance for Tibet & Persecuted Minorities) ཞེས་རྒྱལ་སྤྱིའི་བོད་དོན་མནའ་འབྲེལ་དང་བཙན་གནོན་འོག་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་ཚོགས་པ།བོད་རིགས་ཚོགས་པའི་ཚོགས་གཙོ་ཚེ་རིང་པ་སངས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་པ་ལྟར་ན། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ཉིན་དབྱིན་ཡུལ་འགྲེམས་སྟོན་ཁང་ནས་ཐ་སྙད་དེ་དག་ལ་བཅོས་བསྒྱུར་བྱ་རྒྱུའི་ཡི་གེ་ཞིག རྒྱལ་སྤྱིའི་བོད་དོན་མནའ་འབྲེལ་དང་བཙན་གནོན་འོག་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་ཚོགས་པར་ཕུལ་ཡོད་པ་དང་། ཉེ་ལམ་འགྲེམས་སྟོན་ཁང་དེས། དེ་སྔ་(Tibet or Xizang Autonomous Region) བྲིས་ཡོད་པ་དེའི་ཚབ་ལ། (Tibet Autonomous Region China) ཞེས་པར་བསྒྱུར་བཅོས་བཏང་འདུག་པ་དེ་ནི། བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་ཡང་། དབྱིན་ཡུལ་འགྲེམས་སྟོན་ཁང་གིས་ཡ་ལན་དང་གནས་ཚུལ་མཁོ་སྤྲོད་གནང་ཕྱོགས་ཐད་འདོད་བློ་འཁེངས་པ་ཞིག་བྱུང་མེད་ཁར། མུ་མཐུད་གནད་དོན་དེའི་ཐད་དབྱིན་ཡུལ་ནང་གི་བོད་མི་ཚོགས་ཁག་ནས་ཞིབ་འཇུག་གནང་རྒྱུ་ཡིན་པ། རྒྱལ་སྤྱིའི་བོད་དོན་མནའ་འབྲེལ་དང་བཙན་གནོན་འོག་གི་གྲངས་ཉུང་མི་རིགས་ཀྱི་ཚོགས་གཙོ་ཚེ་རིང་པ་སངས་ལགས་ནས་འགྲེལ་བརྗོད་གནང་གི་འདུག

ཚེ་རིང་པ་སངས་ལགས་ཀྱིས་མུ་མཐུད། བོད་དོན་ལས་འགུལ་བ་རྣམས་ནས་འགྲེམས་སྟོན་ཁང་དེར་གནས་ཚུལ་མཁོ་སྤྲོད་ཡོང་བའི་རེ་སྐུལ་ཞུ་སྐབས། འགྲེམས་སྟོན་ཁང་གིས་ཡ་ལན་མི་བྱེད་པའམ་གནས་ཚུལ་ཁ་གསལ་མི་སྤྲོད་པ་སོགས་ཀྱི་བྱ་སྤྱོད་དེར། བོད་དོན་ཚོགས་པའི་ངོས་ནས་ (Information Commission) རང་དབང་ཅན་གྱི་སྡེ་ཚན་ལ་སྙན་ཞུ་ཕུལ་རྒྱུའི་འཆར་གཞིའི་སྒོ་ནས། རྒྱ་ནག་གཞུང་གི་འདོད་མོས་བཞིན་ལག་བསྟར་བྱེད་མཁན་སུ་ཡིན་མིན་དང་གནད་དོན་དེའི་རྒྱབ་ལྗོངས་དང་བརྒྱུད་རིམ་སོགས་ཀྱི་གནས་ཚུལ་ཆ་ཚང་ཤེས་རྟོགས་ཐུབ་རྒྱུའི་འབད་བརྩོན་མཇུག་སྐྱོང་གནང་རྒྱུ་ཡིན་པ་མ་ཟད། དེང་སྐབས་དབྱིན་ཡུལ་གྱི་མཐོ་སློབ་ཁག་ཏུའང་བོད་ཀྱི་རིག་གཞུང་འཁྲབ་སྟོན་ཟེར་བ་བསྟན་ནས། དེར་བོད་སྐད་དུ་རྒྱ་ནག་གི་ལྷོ་ནུབ་ས་ཁུལ་(South West China)ཞེས་བཀོལ་སྤྱོད་ཀྱིས་Tibet ཞེས་པའི་ཐ་སྙད་རྩ་མེད་བཟོ་རྒྱུའི་ངན་བྱུས་འདིང་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྒྱལ་སྤྱིའི་བོད་དོན་མནའ་འབྲེལ་དང་བཙན་གནོན་འོག་གི་གྲངས་ཉུང་མི་རིགས་ཀྱི་ཚོགས་པས། མ་འོངས་གནད་དོན་དེའི་སྐོར་སྤྱི་ཡོངས་ཀྱི་གནས་ཚུལ་ཆ་ཚང་བ་ཞིག་མཁོ་སྒྲུབ་ཞིབ་འཇུག་ཞུས་རྗེས། སྙན་ཐོ་ཞིག་འདོན་སྤེལ་གནང་རྒྱུ་ཡིན་པ་རེད་འདུག

རྩ་བའི་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩ ཚེས་ ༢༦ ནས་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༢༣ བར་དབྱིན་ཇིའི་འགྲེམས་སྟོན་ཁང་གིས་གོ་སྒྲིག་བྱས་པའི་དར་གོས་དུས་ཐུང་འགྲེམས་སྟོན་ནང་། ནམ་རྒྱུན་རྒྱ་ནག་གཞུང་གིས་དྲིལ་བསྒྲིགས་འགྲེལ་བཤད་རྒྱག་སྟངས་ཇི་བཞིན་དུ། དབྱིན་ཇིའི་སྐད་ཡིག་ནང་(Tibet or Xizang Autonomous Region)བོད་དམ་ཤི་ཙང་རང་སྐྱོང་ལྗོངས་ཞེས་བྲིས་ཏེ་བོད་དང་འབྲེལ་བའི་ཅ་ལག་མང་པོ་འགྲེམས་སྟོན་བྱས་ཡོད་པ་མ་ཟད། དུས་རབས་བདུན་པའི་ནང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱ་ནག་གོང་མར་ཕུལ་བ་ཟེར་བའི་ཅ་ལག་དེ་འདྲའི་ཁ་བྱང་དུའང་ཤི་ཙང་རང་སྐྱོང་ལྗོངས་སོགས་བྲིས་ནས་ལོག་འགྲེལ་བྱས་ཡོད་པར། རྒྱལ་སྤྱིའི་བོད་དོན་མནའ་འབྲེལ་དང་བཙན་གནོན་འོག་གི་གྲངས་ཉུང་མི་རིགས་ཀྱི་ཚོགས་པ་གཙོས་པའི་ཚོགས་སྒེར་ཁག་ནས། གནད་དོན་དེ་བྱུང་མ་ཐག་དབྱིན་ཇིའི་འགྲེམས་སྟོན་ཁང་ལ་ཞུ་གཏུག་གནང་ཡོད་ཀྱང་དེར་ཡ་ལན་འདོད་བློ་ཁེངས་པ་ཞིག་མ་བྱུང་བར་བརྟེན། སླར་ཡང་ཕྱི་ལོ་ ༢༠༢༤ ཟླ་ ༡༢ པའི་ཚེས་ ༡༨ ཉིན། རེ་སྐུལ་གྱི་ཡི་གེ་ཞིག་ཕུལ་བའི་ནང་། བོད་ཅེས་པ་ཁོ་ན་མ་གཏོགས་ཤི་ཙང་རང་སྐྱོང་ལྗོངས་ཞེས་པ་ཕྱིར་འཐེན་དགོས་པ། བོད་མི་ཚོར་འགྲེམས་སྟོན་ཁང་གིས་དགོངས་དག་ཞུ་དགོས་པ། བོད་མི་ཆེད་མཁས་པ་ཚོར་གོ་བསྡུར་གྱིས་དྲང་བདེན་ཐོག་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་འགྲེམས་སྟོན་གནང་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད་འདུག །

གསར་འགོད་པ། ལོ་ཡག་བཀྲ་ཤིས།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎