མཆོད་རྟེན་བྱ་རུང་ཁ་ཤོར་ཉམས་གསོ་གང་ལེགས་འགྲོ་བཞིན་པ།
2016.05.18
བལ་ཡུལ་གྱི་ནང་བའི་མཆོད་རྟེན་བྱ་རུང་ཁ་ཤོར་ཆེན་མོ་ཉམས་གསོ་ཆེད་ཨ་སྒོར་འབུམ་༣༠་ཙམ་འགྲོ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་འདུག
དེ་ཡང་ཕྱི་ཚེས་༡༨ཉིན་འདི་ག་རླུང་འཕྲིན་ཁང་གི་ལས་རིམ་ཞིག་གི་ནང་། བལ་ཡུལ་མཆོད་རྟེན་ཉམས་གསོ་ཚོགས་ཆུང་གི་ཚོགས་མི་དང་བལ་ཡུལ་མཆོད་འཇོར་ས་གནས་འགོ་འཛིན་ཟུར་པ་ཀོང་པོ་བུ་དོན་གྲུབ་ལགས་ཀྱིས་གསུངས་དོན། བལ་ཡུལ་ལ་ས་ཡོམ་གྱི་གོད་ཆག་བྱུང་རྗེས་མཆོད་རྟེན་ཉམས་གསོའི་ཐོག་བརྒྱ་ཆའི་༨༠་ཐམ་པ་སི་ཏུ་རིན་པོ་ཆེ་རང་ཡིན་པ་དང་། ཡང་དེའི་ཐད་འབྲེལ་བ་དང་ལས་གཞི་དེའི་རིགས་ཆུང་ཆུང་བྱེད་མཁན་མང་པོ་ཡོད་པ་རེད། རྩ་བའི་གསེར་གྱི་དབུ་སྟེ་ཕུལ་མཁན་དེ་ཡང་བལ་ཡུལ་གཞུང་རང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་སི་ཏུ་རིན་པོ་ཆེ་དང་ཁོང་གི་སྐུ་ཚབ་ལ་ཆོག་མཆན་ཕུལ་བ་དང་། མཆོད་རྟེན་ཉམས་གསོའི་ཆེད་གསེར་ཕུལ་པ་ཚང་མའི་གན་རྒྱ་ལ་སོགས་པ་ཆ་ཚང་སི་ཏུ་རིན་པོ་ཆེའི་སྐུ་ཚབ་དང་ལྷན་དུ་བཞག་ཡོད་པ་རེད་ཟེར།
༢༠༡༥ལོའི་སྤྱི་ཟླ་༤པའི་ཚེས་༢༥་ཉིན་བལ་ཡུལ་ནང་ཚད་རིམ་༧་དང་ཚེག་༩་ཅན་གྱི་ས་ཡོམ་ཤིན་ཏུ་ཆེན་པོ་ཐེངས་གསུམ་དང་། ཆུང་ཙག་བགྲང་ལས་འདས་པ་བརྒྱབས་པའི་ཁྲོད་མི་༨༦༠༠ལྷག་རྐྱེན་འདས་སུ་སོང་བ་དང་། གྲོང་ཁྱིམ་འབུམ་༦ལྷག་ལ་གཏོར་སྐྱོན་བྱུང་ཡོད་པ་རེད། ལྷག་པར་དུ་ནང་པའི་གནས་ཆེན་མཆོད་རྟེན་བྱ་རུང་ཁ་ཤོར་ལ་གནོན་སྐྱོན་ཚབས་ཆེན་ཐེབས་ཡོད་ཕྱིར་བལ་ཡུལ་དུ་ས་འགུལ་རྗེས་སུ་ཉམས་གསོ་ལས་དོན་དལ་པོ་ཡིན་ན་ཡང་སྔར་ལོ་སྤྱི་ཟླ་༥པའི་ཚེས་༢༥ཉིན་ནས་བཟུང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཁོངས་སྦིར་ས་གནས་སུ་རྟེན་གཞི་བྱེད་པའི་དཔའ་སྤུངས་ཤེས་རབ་གླིང་དགོན་པའི་ཏཱ་ཡི་སི་ཏུ་རིན་པོ་ཆེ་སྐུ་ཕྲེང་བཅུ་གཉིས་པ་མཆོག་གིས། བལ་ཡུལ་ས་གནས་སུ་རང་ཁོངས་མི་སྣ་རྣམས་བརྒྱུད་མཆོད་རྟེན་རིན་པོ་ཆེ་ཉམས་གསོ་ཆ་ཚང་གནང་རྒྱུུའི་སྐུལ་མ་གནང་བ་དང་། འགྲོ་གྲོན་གཏང་བ་བཞིན་ད་ལྟའི་ཆར་ཉམས་གསོ་རྒྱ་ཆ་༦༥ཙམ་འགྲུབ་ཡོད་པ་དང་། འདི་ལོའི་ལྷ་བབས་དུས་ཆེན་ཀྱི་སྐབས་སུ་ཉམས་གསོ་ཡོངས་སུ་ལེགས་འགྲུབ་ཀྱིས་རབ་གནས་གནང་རྒྱུའི་རེ་བ་བཅངས་ཡོད་པ་འབྲེལ་ཡོད་ནས་བརྗོད་འདུག
ཡང་བུ་དོན་འགྲུབ་ལགས་ཀྱིས་གསུངས་དོན་དུ། ཕྱི་ཕྱོགས་ག་ས་གང་ནས་ཞལ་འདེབས་འབུལ་མཁན་བྱུང་ཡང་། འགྲོ་སོང་མང་ཆེ་བ་སི་ཏི་རིན་པོ་ཆེས་གནང་གི་ཡོད་པ་དང་། དེ་དང་མཉམ་དུ་རྒྱ་ནག་ནས་ད་བར་ནང་པ་ཁག་གསུམ་གྱིས་ཨ་སྒོར་འབུམ་བཞི་ལྷག་གནང་ཡོད་པ་རེད་འདུག
བལ་ཡུལ་མཆོད་རྟེན་ཉམས་གསོ་ཆ་ཚང་ལ་འགྲོ་གྲོན་ཨ་སྒོར་འབུམ་༣༠་ཙམ་བརྒལ་འགྲོ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་འདུག དེ་སྔོན་སྤྱི་ལོ་༢༠༠༦་ལོར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བལ་སྒོར་འབུམ་༡༥་ཡི་རོགས་རམ་གནང་ནས་མཆོད་རྟེན་ཉམས་གསོ་ཆེད་འཐུན་འགྱུར་གནང་ཡོད་པ་རེད་འདུག།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།