ཧེ་མ་ལ་ཡའི་ནང་པའི་དབུ་ཁྲིད་རྣམ་པས་མཉམ་འབྲེལ་གྱི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ་གར་སོང་ཆ་མེད་དུ་གྱུར་བའི་པཎ་ཆེན་སྐུ་ཕྲེང་ ༡༡ པ་གློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་གནང་འདུག
ཕྱི་ཟླ་༤ ཚེས་ ༢༥ ཉིན་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༥ ལ་ཕེབས་པའི་འཁྲུངས་སྐར་དང་བསྟུན་ བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་དང་། ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོ་ལས་ཚབ་རིག་འཛིན་རྡོ་རྗེ་ལགས། ཚེ་མཆོག་གླིང་རིན་པོ་ཆེ་བཅས་ལྷན་བཞུགས་ཐོག་གདན་ས་བཀྲ་ཤིས་ལྷུན་པོ་དང་། ཧི་མ་ལ་ཡའི་དགོན་པ་དང་ཚོགས་པ་བཞི་ཐུན་མོང་གིས་བཞུགས་སྒར་རྡ་རམ་ས་ལར་༸ཀུན་གཟིགས་པཎ་ཆེན་པོ་རིན་པོ་ཆེ་འཕྲལ་དུ་གློད་བཀྲོལ་ཡོང་བར་འབོད་སྐུལ་ དོན་ཚན་ལྔ་ཅན་ཞིག་གསར་འགོད་ལྷན་ཚོགས་ཐོག་གསལ་བསྒྲགས་གནང་ཡོད་པ་རེད།
སྐབས་དེར་༧སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས། དེ་རིང་ང་ཚོས་སེམས་འཚབ་ཆེན་པོའི་ཐོག་རྒྱལ་སྤྱིའི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་ ང་ཚོའི་གདན་ས་བཀྲ་ཤིས་ལྷུན་པོ་དང་། ཧི་མ་ལ་ཡའི་དགོན་པ་དང་ཚོགས་པ་བཞི་ཟུང་སྦྲེལ་གྱིས་ཞུ་འབོད་རེ་འདུན་དོན་ཚན་ལྔ་ཅན་ཞིག་ཞུ་རྒྱུ་ཡིན་ཅེས་གསུངས་ཏེ།
དང་པོ། ཕྱི་རྒྱལ་གྱི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ལོ་ངོ་ ༢༩ རིང་གར་སོང་ཆ་མེད་དུ་གྱུར་པའི་བོད་ཀྱི་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་སྟེ་ (དགེ་འདུན་ཆོས་ཀྱི་ཉི་མ་) མཆོག་གི་ཛ་དྲག་གནས་སྟངས་ཤེས་རྟོགས་ཡོང་རྒྱུར་ རྒྱ་ནག་དུ་ཕྱི་རྒྱལ་གཞུང་ཚབ་མི་སྣས་༸པཎ་ཆེན་རིན་པོ་ཆེ་དང་དངོས་སུ་མཇལ་འཕྲད་གནང་ཐབས་ཀྱིས་གཞུང་འབྲེལ་ཁྲིམས་འཆར་གཏན་འབེབས་གནང་ཐབས་ཡོང་བ་ཞུ་རྒྱུ།
གཉིས་པ། ཕྱི་རྒྱལ་གྱི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་ལོ་དྲུག་ནས་ད་བར་མི་ལོ་༢༩ རིང་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་མོས། བྱིས་པའི་ཐོབ་ཐང་སོགས་མདོར་ན་ འགྲོ་སྡོད་སྤྱོད་གསུམ་གྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩ་བ་ནས་མེད་པའི་ངོས་བཞེས་མཚོན་རྟགས་ཀྱི་གཟེངས་རྟགས་རིགས་འབུལ་ཐབས་ཡོང་བ་ཞུ་རྒྱུ།
གསུམ་པ། ཕྱི་རྒྱལ་གྱི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་མྱུར་དུ་གློད་བཀྲོལ་ཡོང་ཆེད་ ཆེ་མཐོང་རྒྱབ་སྐྱོར་མཚོན་ཕྱིར་སྐུའི་འཁྲུངས་སྐར་ཉིན་མོར་སྲུང་བརྩིའི་ལས་འགུལ་ཞིག་སྤེལ་གནང་ཡོང་བ་ཞུ་རྒྱུ།
བཞི་པ། ད་བར་མི་ལོ་ ༢༩ རིང་གར་སོང་ཆ་མེད་དུ་གྱུར་པའི་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་དབུ་འཛིན་ སྐུ་ཞབས་བྱ་བྲལ་རིན་པོ་ཆེ་གཙོས་བོད་ནང་གང་བྱུང་འཛིན་བཟུང་བཙོན་བཅུག་བྱས་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་ གློད་བཀྲོལ་ཡོང་ཐབས་སུ་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་དང༌། བོད་ནང་གི་གནས་སྟངས་ད་དུང་ཡང་ཧ་ཅང་གི་ཛ་དྲག་ཡིན་པས་ད་བར་བོད་མི་བརྒྱ་ཕྲག་བརྒལ་བས་རང་ལུས་མེར་བསྲེག་གིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་བཞིན་ཡོད་པས། བོད་ནང་གི་དངོས་ཡོད་ཀྱི་
དཀའ་ངལ་ཁག་མྱུར་དུ་སེལ་ཐབས་སུ་སྔར་ལས་རྒྱབ་སྐྱོར་ཤུགས་ཆེར་གནང་རོགས་ཞུ་རྒྱུ་ཡིན།
ལྔ་པ། བོད་མི་མང་གི་མངོན་འདོད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་མྱུར་དུ་བོད་ལ་ཕེབས་ཐུབ་ཐབས་དང་། ཁོང་གི་དགོངས་གཞི་གཉིས་སྨན་དབུ་མའི་ལམ་གི་བོད་དོན་སྲིད་ཇུས་ལ་མུ་མཐུད་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ། བཅས་འབོད་སྐུལ་དོན་ཚན་ལྔ་གསལ་བསྒྲགས་གནང་འདུག
གསར་འགོད་པ། རྡོ་རྗེ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།