རྒྱལ་སྤྱིའི་ནང་ནང་ཆོས་ཐོག་དོ་སྣང་བྱེད་མཁན་མང་དུ་བྱུང་བ།
2010.02.26
༄༅༎བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཨ་རིའི་རྩེད་སྣ་མཁས་ཅན་ཀྲའེ་གར་ལྦུདྲི་Tiger Woodརྣམ་གཉིས་ཀྱིས་རྐྱེན་པས་བདུན་ཕྲག་སྔོན་མའི་ནང་རྒྱལ་སྤྱིའི་ཐོག་ནང་ཆོས་དང་འབྲེལ་བའི་གནད་དོན་ཐོག་དོ་སྣང་བྱེད་མཁན་ཧ་ཅང་མང་པོ་བྱུང་ཡོད་འདུག
དེ་ཡང་དབྱིན་ཇིའི་གསར་ཤོག་གའར་དྲིའེན་The Guardianཞེས་པའི་ཐོག་འདི་ཚེས་༢༦ཉིན་གནས་ཚུལ་ཞིག་སྤེལ་བའི་ནང༌། ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོང་ཁྱེར་ལོ་སི་ཨེན་ཇེ་ལེ་སི་Los Angelesནང་ཆིབས་བསྒྱུར་བསྐྱངས་བའི་སྐབས་གསར་འགོད་པ་ཞིག་གིས་འཛམ་གླིང་ནང་གོལ་ཕི་Golfཞེས་པའི་རྩེད་མོ་རྩེད་མཁན་སྐད་གྲགས་ཆེ་ཤོས་ཡིན་པའི་ཀྲའེ་གར་ལྦུདྲི་Tiger Woodཡིས་ ཁོང་གིས་དེ་སྔ་རང་གི་ཆུང་མ་མིན་པའི་བུད་མེད་གཞན་དང་མཉམ་ལུས་འབྲེལ་བྱས་པའི་བྱ་སྤྱོད་སྤེལ་བ་དེ་དག་ནོར་འཁྲུལ་སོང་བ་ཞིག་ཡིན་པའི་ངོས་ལེན་དང་སྦྲགས། འཆལ་སྤྱོད་ཀྱི་བྱ་བ་དེ་དག་ནི་ཁོང་རང་ཉིད་ཀྱི་དད་མོས་བྱེད་སའི་ནང་པའི་ཆོས་ཀྱི་བལྟ་གྲུབ་དང་ཡང་འགལ་འཛོལ་ཕྱིན་པ་ཞིག་ཡིན་སྐོར་བཤད་ཡོད་པ་དེའི་ཐད་ ༸གོང་ས་མཆོག་གི་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པའི་ལན་དུ། Tiger Woodཞེས་པའི་མི་དེ་སུ་ཡིན་མིན་མཁྱེན་རྟོགས་མེད་ཀྱང༌། སྤྱིར་བཏང་ཚུལ་ཁྲིམས་སྲུང་དགོས་པ་ནི། ཆོས་ལུགས་ཚང་མའི་གཅིག་འགྱུར་གྱི་བསླབ་བྱ་ཡིན་ལ། དེར་བརྟེན་ནང་པ་ཞེས་བརྗོད་ཀྱང་འདྲ། ཆོས་ལུགས་གཞན་ཇི་འདྲ་ཡིན་ཡང༌། ལས་དོན་གང་འདྲ་ཞིག་རྩོམ་ཡང་དེའི་མཇུག་འབྲས་ཇི་ཡོང་ལ་བསམ་ཤེས་ཀྱིས་སྡོམ་པ་རང་སྲུང་བྱ་རྒྱུ་ནི་གལ་ཆེན་པོ་རེད་ཅེས་བཀའ་གནང་བའི་ཉེར་ལེན་ལ་བལྟས་ནས། འཛམ་གླིང་ཁྱོན་ཡོངས་ཀྱི་ནང་གུའུ་གལ་Googleདྲ་རྒྱའི་ཐོག་བདུན་ཕྲན་སྔོན་མར་ནང་ཆོས་སྐོར་གནས་ཚུལ་རྩད་ཞིབ་དང་བལྟ་ཀློག་བྱེད་མཁན་ཧ་ཅང་མང་པོ་བྱུང་ཡོད་པའི་སྐོར་དང༌། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ནང་མི་མང་གིས་དགའ་གུས་དང་སེམས་ཐག་ཉེ་པོ་བྱེད་སའི་སྙན་གྲགས་ཅན་གྱི་སྐྱེས་བུ་ཞིག་ཡིན་སྐོར་དང། ཡང་བོད་པའི་བླ་ཆེན་གྱི་གྲས་སུ་མཚན་སྙན་ཆེ་བ་གཞན་ཞིག་ནི་རྒྱལ་དབང་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཡིན་པ་དང༌། ཁོང་འདི་ལོའི་ཕྱི་ཟླ་༦པ་ཙམ་གྱི་ནང་ཡུ་རོབ་ཏུ་ཆིབས་བསྒྱུར་གནང་གི་ཡོད་པའི་གནས་ཚུལ་བཀོད་འདུག།