བོད་ནག་ཆུ་ཁུལ་དུ་སྤྱི་སྤྱོད་སྣུམ་འཁོར་རྡབ་སྐྱོན་བྱུང་བ།
2008.11.17
༄༅༎བོད་ཀྱི་ནག་ཆུ་ཁུལ་དུ་གཟའ་པ་སངས་ཉིན་མོ་སྤྱི་སྤྱོད་སྣུམ་འཁོར་རྡབ་སྐྱོན་བྱུང་ནས་མི་གྲངས་བཅོ་བརྒྱད་ཙམ་རྐྱེན་ལམ་དུ་ཕྱིན་ཡོད་པ་རྒྱ་ནག་གཞུང་གིས་དེ་རིང་གཟའ་ཟླ་བའི་ཉིན་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་འདུག
གོང་ཞུས་གནས་ཚུལ་དེ་བཞིན་རྒྱ་ནག་གི་གཞུང་ལམ་བདེ་འཇགས་ལས་ཁང་གི་དྲ་རྒྱའི་ཐོག་གཟའ་ཟླ་བའི་ཉིན་གནས་ཚུལ་འཁོད་ཡོད་པ་དང་ཡིན་ནའི་དྲ་རྒྱ་དེའི་ཐོག་གནས་ཚུལ་འཁོད་ཡས་ཀྱི་དུས་ཚོད་ཕྱིར་འགྱངས་བྱས་པའི་སྐོར་ཁ་གསལ་གང་ཡང་འཁོད་མེད་ཅིང་སྤྱི་སྤྱོང་སྣུམ་འཁོར་རྡབ་སྐྱོན་བྱུང་ནས་མི་གྲངས་བཅོ་བརྒྱད་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་གྲངས་ཉི་ཤུ་རྩ་བརྒྱད་ལ་རྨས་སྐྱོན་ཕོག་ཡོད་ཅིང་དེའི་ནང་ནས་མི་གྲངས་བཅུ་བདུན་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་པ་འཁོད་ཡོད་འདུག རྒྱ་ནག་ནང་དང་ལྷག་པར་དུ་བོད་ནང་མོ་ཊ་རྡབ་སྐྱོན་བྱུང་བའི་གནས་ཚུལ་དེ་རྒྱུན་དུ་ནས་ཡོང་གི་ཡོད་པ་དང་དེ་ཚོའི་རྒྱུ་མཚན་གཙོ་བོ་ལམ་ཁ་འགྲོ་སྤྱོད་བདེ་པོ་མེད་པ་དང་དེ་མིན་མོ་ཊ་གཏོང་མཁན་གྱིས་ཆང་བཏུང་བའི་རྗེས་མོ་ཊ་བཏང་བ་འམ་ཡང་ན་མོ་ཊ་གཏོང་མཁན་གྱི་ལག་རྩལ་ཚད་གཞི་དང་ལྡན་གྱི་མེད་པ་སོགས་ཀྱིས་ལོ་ལྟར་མོ་ཊ་རྡབ་སྐྱོན་བྱུང་ནས་མི་གྲངས་མང་པོའི་ཚེ་སྲོག་ཤོར་གྱི་ཡོད་པ་རེད།