ཁེ་ཎ་ཌའི་འོས་བསྡུའི་སྐབས་རྒྱ་ནག་གིས་ཐེ་བྱུས་བྱེད་རྩིས་བྱས་ཀྱང་ལམ་ལྷོང་བྱུང་མེད་པ་ཁེ་ཎ་ཌའི་སྲིད་བློན་གྱིས་གསུངས་འདུག

2024.04.11
ཁེ་ཎ་ཌའི་འོས་བསྡུའི་སྐབས་རྒྱ་ནག་གིས་ཐེ་བྱུས་བྱེད་རྩིས་བྱས་ཀྱང་ལམ་ལྷོང་བྱུང་མེད་པ་ཁེ་ཎ་ཌའི་སྲིད་བློན་གྱིས་གསུངས་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཁེ་ཎ་ཌའི་སྲིད་བློན་(Justin Trudeau)་དང་གདོང་ཐུག་ནས་གཤེ་གཤེ་བཏང་སྐབས། ༡༡།༡༦།༢༠༢༢
REUTERS

དེ་ཡང་ཁེ་ཎ་ཌའི་ཕྱོགས་འགལ་ཚོགས་པ་ཚོས་གནོན་ཤུགས་སྤྲད་པ་ལ་བརྟེན་ནས་ཁེ་ཎ་ཌའི་སྲིད་བློན་(Justin Trudeau)་ལགས་ཀྱིས་དེ་སྔ་ཕྱི་ལོ་༢༠༡༩དང་ཕྱི་ལོ་༢༠༢༡ལོའི་འོས་བསྡུའི་སྐབས་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་ཐེ་བྱུས་ཡོད་མེད་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་གནང་ཡོད་པ་དང་། འདི་ཚེས་༡༠ གཟའ་ལྷག་པའི་ཉིན་སྲིད་བློན་མཆོག་གིས་ཚོགས་ཆུང་དེའི་སར་བཅར་འདྲི་དང་ལེན་གནང་སྐབས། རྒྱ་ནག་གཞུང་གིས་ཐེ་བྱུས་བྱས་ཡོད་མེད་ཐེ་ཚོམ་ཡིན་ནའང་རྒྱ་ནག་གི་མི་སྒེར་དང་ཚན་པ་ཁག་ཅིག་གིས་རང་གི་འདོད་མོས་གཞིར་བཟུང་ང་ཚོའི་འོས་བསྡུ་གཉིས་ཀའི་སྐབས་ཐེ་བྱུས་བྱས་ཡོད་པ་ཤེས་རྟོགས་བྱུང་། འོན་ཀྱང་འོས་བསྡུའི་སྐབས་ཁེ་ཎ་ཌའི་མི་མང་རང་གི་ཐག་ཆོད་ཀྱི་ལམ་ནས་ཕྱིན་པ་མ་གཏོགས་དེར་རྒྱ་ནག་གི་ཐེ་བྱུས་ཀྱིས་ཤུགས་རྐྱེན་གང་ཡང་ཐེབས་ཐུབ་མེད་ཅེས་གསུངས་ཡོད་འདུག གང་ལྟར་འོས་བསྡུའི་སྐབས་ཕྱོགས་འགལ་(Conservative Party)་འམ་རྙིང་ཞེན་ཚོགས་པའི་འགོ་ཁྲིད་སྐུ་ཞབས་(Erin O'Toole)་ལགས་ཀྱིས། རྒྱ་ནག་གིས་ཐེ་བྱུས་བྱས་པའི་ཤུགས་རྐྱེན་ལ་བརྟེན་ནས་ཕྱི་ལོ་༢༠༢༡ལོའི་འོས་བསྡུའི་སྐབས་ཁོང་གི་ཚོགས་པར་འོས་མི་དགུ་ཕམ་ཉེས་བྱུང་སོང་ཞེས་གསུངས་ཡོད་པ་རེད།
གོང་བརྗོད་ཁེ་ཎ་ཌའི་སྲིད་བློན་མཆོག་གི་ལན་འདེབས་གནང་བའི་བཀའ་མོལ་དེར་ཁེ་ཎ་ཌའི་ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པས། སྲིད་བློན་གྱིས་གསུངས་པའི་བཀའ་མོལ་དེར་གཞི་རྩ་རྩ་བ་ནས་མེད་པ་ཞིག་རེད། རྒྱ་ནག་གཞུང་ནས་ཁེ་ཎ་ཌའི་འོས་བསྡུའི་ནང་ཐེ་བྱུས་རྩ་བ་ནས་བྱས་མྱོང་མེད་ལ་བྱེད་འདོད་ཀྱང་མེད་ཅེས་དང་། ཆབ་སྲིད་མི་སྣ་ཁག་ཅིག་གིས་རྒྱ་ནག་ལ་སྡང་ཟུག་གི་རྣམ་པའི་ཐོག་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་རེད་ཅེས་བཤད་ཡོད་འདུག
གོང་དུ་ཞུས་པའི་ཞིབ་འཇུག་ཚོགས་ཆུང་དེའི་སྙན་ཐོ་མཐའ་མ་དེ་བཞིན་ལོ་འདིའི་ལོ་མཇུག་ཏུ་འདོན་འཆར་ཡོད་འདུག


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎