ཁེ་ན་ཌར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ།
འདི་ཟླའི་ཚེས་ ༨ ཉིན་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་རྟེན་གཞི་བྱས་པའི་གྲོང་སྡེ་རྙིང་པའི་ཚོགས་ཁང་མདུན་དུ། ཊོ་རོན་ཊོ་ས་གནས་གཞོན་ནུ་ལྷན་ཚོགས་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང། ལྦིཡེཏ་ནམ། ཐེ་ལྦན། རྒྱ་རིགས་མང་གཙོ་དོན་གཉེར་བའི་ཚོགས་པ་སོགས་ཚོགས་པ་ཁྱོན་བཅུ་གཅིག་ལྷག་ཙམ་ཞིག་མཉམ་འབྲེལ་གྱིས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་ཞུས་པ་དང་འབྲེལ། རྒྱལ་སྤྱིའི་གཞུང་དང་ཁེ་ན་ཌའི་གཞུང་ངོས་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པར་གདོང་ལེན་གནང་དགོས་པའི་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་དེར། མི་མང་བརྒྱ་ལྷག་ཙམ་ཞིག་ནས་མཉམ་བཞུགས་གནང་ཡོད་སྐོར། ལས་འགུལ་གོ་སྒྲིག་གནང་མཁན་ཊོ་རོན་ཊོ་ས་གནས་གཞོན་ནུའི་ཚོགས་གཙོ་སེན་ནེ་བསོད་ནམས་ལགས་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དུ་ངོ་སྤྲོད་གནང་བྱུང་།

མ་ཟད་ཁོང་གིས། བོད་ནང་དུ་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་དང་རིག་གཞུང་རྩ་མེད་ཀྱི་སྲིད་བྱུས་སྤེལ་བཞིན་པ་མ་ཟད། བོད་ཕྲུག་ཁྲི་གཅིག་ལྷག་གཏན་འཇགས་སློབ་གྲྭར་བཙན་བཅུག་བྱས་ཡོད་པ། བོད་མི་རྣམས་ཀྱི་རིགས་རྫས་བསྡུ་རུབ་དང་། བོད་ནང་གི་བོད་མི་རྣམས་ནས་སྡུག་བསྔལ་གྱིས་མི་བཟོད་པར་སྐུ་ལུས་མེར་བསྲེགས་གཏོང་བཞིན་པའི་གནས་སྟངས་སོགས་ཐེར་འདོན་གྱིས། ཁེ་ན་ཌ་གཙོས་པའི་རྒྱལ་སྤྱིའི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་དགོས་གལ་ཆེ་བ་ཡིན་ཞེས་གསུངས་བྱུང་ལ། ཧོང་ཀོང་ (Link) ཡི་ཚོགས་ཟུར་ལྕམ་ (Gloria Fung) ལགས་ནས། འགྲོ་བ་མིའི་ཐོབ་ཐང་དེ་བཞིན་ཡོངས་ཁྱབ་གསལ་བསྒྲགས་གནང་ནས་ལོ་ངོ་༧༦འཁོར་བཞིན་ཡོད་པས། དམར་ཤོག་རྒྱལ་ཁབ་ཁག་གི་ཤུགས་རྐྱེན་དང་གནོན་ཤུགས་ཡོད་མིན་ལ་མ་ལྟོས་པར་ཚོགས་པ་ཁག་ནས་མཉམ་རུབ་ཐོག་ལས་འགུལ་སོགས་སྤེལ་བའི་བརྒྱུད་ཕན་ཚུན་གཅིག་ཕན་གཅིག་གྲོགས་གནང་དགོས་གལ་ཆེ་བ་ཡིན་ཞེས་གསུངས་བྱུང་།

འདི་ག་རླུང་འཕྲིན་ཁང་ནས་ལས་འགུལ་ནང་ལྷན་བཞུགས་གནང་མཁན་ཨ་དར་ཉི་མ་ལགས་སུ་ལས་འགུལ་དེའི་ནང་མཉམ་བཞུགས་གནང་དགོས་པའི་དམིགས་ཡུལ་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོག་ཐང་མེད་པའི་དཀའ་སྡུག་མྱོང་བཞིན་ཡོད་པས་གཞིས་བྱེས་བོད་མི་མཉམ་འཛོམས་ཐད་ཕན་པ་ཕྲན་བུ་སྒྲུབ་སླད་ལས་འགུལ་ནང་མཉམ་བཞུགས་གནང་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག་ལ། (Hung Nguyen) ལགས་ནས། ཁོང་ལྦིཡེཏ་ནམ་ནས་ཁེ་ཎ་ཌར་སྐྱབས་བཅོལ་དུ་བསླེབས་ནས་ཡུན་རིང་སོང་ཡང་། རྒྱ་ནག་གཞུང་གི་ཤུགས་རྐྱེན་དང་གནོན་ཤུགས་འོག་ཁོང་གི་རྒྱལ་ཁབ་ནང་དུ་དཀའ་ངལ་འཕྲད་བཞིན་ཡོད་ཅིང་། དེ་མིན་བོད་དང་ཤར་ཏུར་ཀི་སི་ཐན་ལ་སོགས་པའི་མི་རིགས་མང་དག་ཅིག་ལ་རང་དབང་དང་ཐོབ་ཐང་མེད་དུས་རྒྱབ་སྐྱོར་སླད་སྐད་འབོད་ནང་མཉམ་བཞུགས་གནང་བ་ཡིན་ཞེས་དང་། (Farhat) ལགས་ནས། རྒྱ་ནག་གཞུང་གི་དབང་བསྒྱུར་འོག་ཤར་ཏུར་ཀི་སི་ཐན་མི་མང་ས་ཡ་གསུམ་ལྷག་བཙོན་བཅུག་གིས་ངལ་རྩོལ་དང་། དབང་པོ་རྐུ་འཁྱེར། བྱིས་པའི་རང་དབང་བཙན་འཕྲོག་གིས་གཏན་འཇགས་སློབ་གྲྭར་བཀག་ཉར་བྱེད་བཞིན་ཡོད་པས་ལས་འགུལ་དེར་ཡོང་བ་ཡིན་ཞེས་གསུངས་བྱུང་།
ཚོགས་པ་ཁག་བཅུ་ཐུན་མོང་གིས་གོ་སྒྲིག་ཞུས་པའི་སྐད་འབོད་ཀྱི་ལས་འགུལ་དེའི་སྐབས། ཤར་ཏུར་ཀི་སི་ཐན་དང་། རྒྱ་ནག་་གི་མང་གཙོ་དོན་གཉེར་བ་། ཧོང་ཀོང་། ཐེ་ལྦན་། ལྦིཡེཏ་ནམ་བཅས་ཀྱི་སྐུ་ཚབ་སོ་སོས་ཁོང་རྒྱལ་ཁབ་དེ་དག་ནང་རྒྱ་ནག་གཞུང་གིས་འགྲོ་བ་མི་ཡི་ཐོབ་ཐང་དང་། ཆོས་དད་རང་དབང་། སྐད་ཡིག་རང་དབང་། ཐོབ་ཐང་རྩོད་མཁན་གང་ཟག་རྣམས་ལ་གནར་གཅོད་དང་བཙོན་འཇུག་སྲོག་ཁྲིམས་གཅོད་བཞིན་པ་སོགས་ཀྱི་གནས་སྟངས་ཐད། གྲངས་ཉུང་མི་རིགས་ཚོས་མཉམ་ལས་ཐོག་རྒྱ་གཞུང་ལ་གདོང་ལེན་གནང་དགོས་པའི་གཏམ་བཤད་གནང་སོང་།
གསར་འགོད་པ། ཨོ་རྒྱན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།