བལ་པོས་རྒྱ་ནག་ལ་མགོ་བསྒུར་རྒྱུ་མེད།
2013.04.02

༄༅། །ཁ་སང་ཕྱི་ཚེས་༡ རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇི་མི་ཀར་ཊར་མཆོག་གིས་བལ་ཡུལ་ཐོག་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་པར་བརྟེན་ནས་བལ་ཡུལ་ནང་གནས་སྡོད་བྱེད་མཁན་བོད་མི་སྐྱབས་བཅོལ་བ་ཚོའི་འགྲོ་སྡོད་སྤྱོད་གསུམ་ལ་དམ་བསྒྲགས་ཆེན་པོའི་དཀའ་ངལ་འཕྲད་བཞིན་ཡོད་པ་གསལ་སྟོན་གནང་ཡོད་པ་རེད།
དེ་ཡང་དགུང་གྲངས་༨༨ ལ་ཕེབས་པའི་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇི་མི་ཀར་ཊར་མཆོག་བལ་ཡུལ་ནང་གི་རྒྱལ་ཡོངས་འོས་བསྡུ་ཕྱི་ཟླ་དྲུག་པའི་ནང་བྱ་རྒྱུའི་འཆར་གཞི་ལྟར་འོས་བསྡུའི་གྲ་སྒྲིག་གི་ལས་དོན་ཐོག་གཟིགས་ཞིབ་ཆེད་དུ་དེང་སྐབས་བལ་ཡུལ་དུ་འཚམས་འདྲིར་ཕེབས་ཡོད་པ་ལྟར། རེས་གཟའ་ཟླ་བའི་ཉིན་གསར་འགོད་པར། བོད་ནས་བོད་མི་མང་པོ་ཞིག་བལ་ཡུལ་གྱི་ཕྱོགས་སུ་བྲོས་བྱོལ་དུ་ཡོང་གི་ཡོད་ཀྱང་། ཉེ་བའི་ལོ་ཤས་ནང་བལ་ཡུལ་གཞུང་གིས། རྒྱ་ནག་གི་གནོན་ཤུགས་ལ་ཉན་འཇོག་བྱས་ཏེ་བོད་དང་ས་འབྲེལ་འཁེལ་ཡོད་པའི་བལ་ཡུལ་ས་མཚམས་ཁག་ལ་དམ་བསྒྲགས་ཤུགས་ཆེ་རུ་བཏང་བར་བརྟེན་ནས་བོད་མི་སྐྱབས་བཅོལ་བ་ཡོང་མཁན་ཧ་ཅང་གི་ཉུང་དུ་ཕྱིན་ཡོད། དེ་སྔོན་འདས་པའི་ལོ་མང་པོའི་རིང་བལ་ཡུལ་གྱི་མཐའ་མཚམས་དམག་མིས་བོད་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་ཚོ་ས་མཚམས་ས་ཁུལ་ནས་འཛིན་བཟུང་དོ་དམ་བྱས་པའི་གནས་སྟངས་བྱུང་ཡོད་པ་དེ་ལྟར་ཡང་། བོད་མི་འཛིན་བཟུང་བྱས་པ་རྣམས་རྒྱལ་ས་ཀ་ཐ་མན་གྲུར་ཁྲིད་དེ་རྒྱལ་སའི་ནང་དུ་ཡོད་པའི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བར་བལྟ་རྟོགས་གནང་མཁན་ལས་ཁུངས་སུ་རྩིས་སྤྲོད་བྱེད་ཀྱི་ཡོད་ཅིང༌། འོན་ཀྱང་ལོ་ཤས་གོང་དུ་སྲིད་ཇུས་དེར་འགྱུར་བ་བཏང་སྟེ། བོད་ནས་བྲོལ་བྲོལ་དུ་ཡོང་མཁན་བལ་ཡུལ་ས་མཚམས་བརྒྱུད་ཡོང་རྒྱུར་དཀའ་ངལ་ཆེ་རུ་ཕྱིན་པ་དང༌། བལ་ཡུལ་ནང་གནས་སྡོད་བྱེད་མཁན་བོད་མི་སྐྱབས་བཅོལ་བའི་ཐོག་ལ་འཛིན་པའི་སྲིད་ཇུས་ཀྱང་དམ་བསྒྲགས་ཆེ་རུ་བཏང་ཡོད། དེར་བརྟེན་གནས་སྟངས་དེ་ཚོ་ནི་རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་གི་ཐོག་ལ་གནོན་ཤུགས་སྤྲད་པའི་མཇུག་འབྲས་ཤིག་ཡིན་སྟབས། ངོས་ནས་བལ་ཡུལ་གཞུང་གིས་རྒྱ་ནག་གི་གནོན་ཤུགས་ལ་མགོ་སྒུར་རྒྱུ་མེད་པའི་རེ་འདུན་ཞུ་གི་ཡོད་ཅེས་གསུང་ཡོད་པ་རེད།།