མེག་སི་ཀོའི་ནང་བོད་དོན་རྒྱབ་སྐྱོར་གནང་ཕྱོགས་ཐད་ཚོགས་འདུ་བསྐོང་ཚོགས་གནང་འདུག

མེག་སི་ཀོའི་(Mexico)་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ཕྱི་ཟླ་༤་ཚེས་༢༣་ཉིན་ལྷན་འཛོམས་གནང་སྟེ། བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་ཇི་དགེའི་སྐོར་གྲོས་མོལ་ཚོགས་འདུ་ཞིག་ཚོགས་གནང་ཡོད་པ་དང་། ཚོགས་འདུ་དེར་ཐོག་མར་མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Salvador Caro)་མཆོག་གིས་ཚོགས་བཅར་བ་རྣམས་ལ་དགའ་བསུ་ཞུས་པ་དང་འབྲེལ། གྲོས་ཚོགས་འཐུས་མི་ཐུན་མོང་གིས་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་དང་། མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕྱི་ལོ་༢༠༢༢་ཕྱི་ཟླ་༨་ཚེས་༨་ཉིན་ནས་ཕྱི་ལོ་༢༠༢༤་ལོའི་ཕྱི་ཟླ་༤་ཚེས་༢༣་བར་བོད་དོན་ཆེད་ལས་དོན་བརྩམས་པ་ཁག་གི་སྐོར་ངོ་སྤྲོད་གནང་འདུག
དེ་ནས་ཚོགས་བཅར་བ་རྣམས་ཀྱིས་རང་ཉིད་ངོ་སྤྲོད་གནང་བ་དང་སྦྲགས། རང་གི་ལས་འགན་སོགས་ངོ་སྤྲོད་གནང་བ་མ་ཟད། བོད་དོན་ལ་རྒྱབ་སྐྱོར་གཡོ་བ་མེད་པ་གནང་རྒྱུའི་ཞལ་བཞེས་སོགས་གནང་བའི་རྗེས་སུ། ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་གསལ་བཤད་གནང་བ་དང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་འོས་བསྡུའི་ལས་བྲེལ་ཡོད་མིན་ལ་མ་ལྟོས་པར་ཚོགས་བཅར་ཞུས་པར་ཐུགས་རྗེ་ཆེ་གནང་འདུག་ལ། ལྷག་དོན་དུ་ཁོང་གིས་ཕྱི་ལོ་༢༠༢༣་ལོའི་ཕྱི་ཟླ་༣་པའི་ནང་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་ཕྱིར་བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་སྐུ་མགྲོན་ལྟར་ཆེད་ཕེབས་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་པ་མ་ཟད། གྲོས་ཚོགས་འཐུས་མི་རྣམས་སླེབས་ལ་ཉེ་བའི་འོས་བསྡུའི་ནང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཡང་ཞུས་གནང་འདུག
ཡང་མེག་སི་ཀོའི་བོད་དོན་རྒྱབ་ཚོགས་པ་(Casa Tibet Mexico)་ཚོགས་གཙོ་ཀ་རམ་ལགས་ཀྱིས་མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གལ་གནད་དང་། ཆོས་དད་རང་དབང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་སྐུའི་ཡང་སྲིད་ཀྱི་གནད་འགག བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གནད། རྒྱ་ནག་གིས་བོད་ནང་ཆུ་མཛོད་གློག་འདོན་ས་ཚིགས་གསར་རྒྱག་གིས་རྒྱུག་ཆུའི་ཆུ་རྒྱུན་ལ་འགྱུར་བ་གཏོང་བཞིན་པའི་དཀའ་ངལ་སོགས་ཀྱི་སྐོར་གསལ་བཤད་གནང་འདུག
གྲོས་ཚོགས་འཐུས་མི་རྣམས་ཀྱིས་རང་རང་སོ་སོས་བོད་དང་མེག་སི་ཀོ་དང་འབྲེལ་བའི་གནད་དོན་གལ་ཆེའི་ཐོག་བཀའ་བསྡུར་ལྷུག་པོ་གནང་ཡོད་པ་ལྷོ་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཚོགས་འདུ་དེ་འགྲུབ་པའི་རྗེས་སུ་ཚོགས་བཅར་བ་རྣམས་མེག་སི་ཀོའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་ཆེད་བཅར་གནང་སྟེ། ད་ལྟ་ཚོགས་བཞིན་པའི་ལས་རིམ་ཁག་ལ་གཟིགས་ཞིབ་དང་འབྱུང་འགྱུར་བོད་དོན་ཞུ་གཏུག་གནང་ཕྱོགས་ཐད་ལ་བློ་སྐྱེད་དང་རྒྱུས་ལོན་སོགས་གནང་ཡོད་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།