རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཟེར་བའི་སྲིད་བྱུས་ནི་བོད་ནང་ངོ་རྒོལ་རིགས་འགོག་ཐབས་ཀྱི་ཆེད་དུ་ཡིན་པ་ཉམས་ཞིབ་པས་གསུང་བྱུང་།
ཉེ་ལམ་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་༡ པོའི་ཚེས་༡༣ཉིན་སྐབས་༡༢པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་དེ་བཞིན་འཚོགས་རྒྱུ་ཡིན་པ་བསྒྲགས་འདུ་ཅིང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཟེར་བའི་དྲུང་ཆེ་གཞོན་པ་(Zhou Yifeng)་གིས། ཞི་ཅིན་ཕིན་གྱི་གལ་ཆེའི་ལམ་སྟོན་ཁག་བོད་ནང་ལག་བསྟར་ཐུབ་པ་བྱེད་དགོས་ལུགས་བརྗོད་འདུག་པ་མ་ཟད། དེ་སྔོན་སྐབས་༡༡པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་དང་། དེའི་རྒྱུན་ལས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་གཏིང་ཟབ་སྤེལ་དགོས་པ་དེ་མུ་མཐུད་རྒྱུན་འཁྱོངས་དགོས་པ་སོགས་བརྗོད་འདུག
དེའི་ཐད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་རྒྱུན་དུ་རང་ཉིད་ཀྱི་ལྟ་སྤྱོད་གཞིར་བཟུང་ཤར་བསྐྱོད་མི་བྱེད་མཁན་བོད་མི་ཚོ་ནི་མི་རིགས་མཐུན་སྒྲིལ་རྩ་གཏོར་གཏོང་མཁན་དང་། ཡང་ན་ཁ་བྲལ་བར་ངོས་འཛིན་བྱེད་སྲོལ་ཡོད་པ་མ་ཟད། དམིགས་སུ་ཀར་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་ཟེར་བའི་སྲིད་བྱུས་དང་། ཡང་མི་རིགས་ཁག་མཐུན་སྒྲིལ་མཉམ་གནས་ཀྱི་དཔེ་མཚོན་ས་ཁུལ་ཟེར་བ་སོགས་འཛུགས་ཏེ། མདོར་ན་སྲིད་བྱུས་དེའི་བརྒྱུད་ནས་བོད་ནང་ངོ་རྒོལ་རིགས་འགོག་ཐབས་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་གཞུང་ལ་ངོ་རྒོལ་རིགས་བྱེད་མཁན་མེད་ན། མི་རིགས་མཐུན་སྒྲིལ་ཟེར་བའི་སྲིད་བྱུས་དེ་ལམ་ལྷོངས་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་གོང་ཞུས་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བའི་ནང་། འདས་པའི་ལོ་ལྔའི་དུས་ཡུན་ནང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་༡༡ པ་དང་། དེའི་རྒྱུན་ལས་རྣམས་ཀྱིས་འགན་སྲུང་བཞི་དང་གསར་བཏོད་བཞི། མདུན་བསྐྱོད་བཞི་ཟེར་བ་གཟབ་ནན་གྱིས་ཁྲིམས་ལྟར་ལས་དོན་ཁག་སྒྲུབ་ཡོད་ཚུལ་འགྲེལ་བརྗོད་བྱས་འདུག་ཀྱང་། སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། གཞི་རྩའི་ཞི་ཅིན་ཕིན་རྒྱ་ནག་གི་འགོ་ཁྲིད་ཆགས་པ་ནས་བཟུང་། གཞུང་གི་དྲིལ་བསྒྲགས་མང་པོ་ཞིག་གྲངས་ཀའི་ལམ་ནས་སྤེལ་སྲོལ་ཡོད་པའི་ཁྲོད། འགན་སྲུང་བཞི་ཟེར་བ་ནི། མི་རིགས་མཐུན་སྒྲིལ་བྱ་རྒྱུ་དང་། བོད་མཐོ་སྒང་གི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ། ཁོར་ཡུག་སྲུང་སྐྱོབ། དེ་བཞིན་མཐའ་མཚམས་སྲུང་སྐྱོབ་བྱ་རྒྱུ་བཅས་ཡིན་པ་བརྗོད་ཀྱི་ཡོད་ནའང་། དོན་དངོས་ཐོག་དེ་དག་བརྒྱུད་ནས་དམར་ཤོག་ཚོགས་པའི་ཕུགས་འདུན་གྱི་དམིགས་ཡུལ་བསྒྲུབ་རྒྱུ་དེ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཡང་གནད་དོན་དེའི་ཐད་སི་པན་རྒྱལ་ཁབ་ནང་གནས་སྡོད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས། འགན་སྲུང་བཞི་དང་གསར་བཏོད་བཞི་ཟེར་བ་དེ་དག་ནི་ཆབ་སྲིད་ཀྱི་འབོད་ཚིག་ཁོ་ན་ཡིན་པ་མ་ཟད། ས་གནས་བོད་མི་ལ་ཕན་པའི་གསར་བཏོད་དེ་འདྲའི་རིགས་གང་ཡང་མེད་ལ། མདོར་ན་སྲིད་བྱུས་དེ་དག་བརྒྱུད་བོད་མིའི་ངོ་བོ་ཉམས་ཉེས་སུ་བཏང་སྟེ། བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུ་དེ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་ཁོར་ཡུག་སྲུང་སྐྱོབ་བྱེད་ཀྱི་ཡོད་ལུགས་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་བསྒྲགས་བྱེད་མུས་ཡིན་ནའང་། དོན་དངོས་ཐོག་༡༩༥༠ཙམ་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་དང་། ལྷག་དོན་དུ་བོད་ཀྱི་ཤིང་ནགས་གྲངས་ལས་འདས་པ་གཅོད་འབྲེག་གིས། ཁོར་ཡུག་ལ་གནོན་སྐྱོན་ཚབས་ཆེན་སྟངས་ཡོད་པ་དེ་དག་རྒྱ་ནག་གཞུང་གིས་ད་དུང་ཁ་གསབ་ཐུབ་མེད་ཅེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས། བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཟེར་བའི་འཐུས་མི་དེ་དག་ནི་རྒྱ་ནག་དམར་ཤོག་གི་ཡིད་ཆེས་བྱེད་ཆོག་པ་དང་དམར་ཤོག་གི་ལྟ་སྤྱོད་དང་མཐུན་པའི་ལས་ཀ་བྱེད་མཁན་ཤ་སྟག་བསྐོ་བཞག་བྱས་ཡོད་པ་ལས། མང་གཙོའི་རྒྱལ་ཁབ་གཞན་ལྟར་མི་མང་གི་འདོད་མོད་ལྟར་བདམས་ཀྱི་མེད་ལ། ལྷག་ཏུ་འཐུས་མི་ཚོགས་ཆེན་ཟེར་བ་དེའི་ནང་ས་གནས་མི་མང་གི་བསམ་ཚུལ་བཤད་སའི་ཁོར་ཡུག་མེད་པར་གཙོ་བོ་རྒྱ་ནག་དམར་ཤོག་གི་ཚོགས་ཆེན་ཁག་གི་ཐག་གཅོད་ཟིན་པའི་གནད་དོན་ཁག་ལག་བསྟར་བྱེད་རྒྱུ་དེ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།