ཞི་ཅིན་ཕིན་གྱི་བསམ་བློར་སློབ་སྦྱོང་ཟེར་བ་ནི་སྲིད་དབང་སྒེར་གཅོད་གྱི་བྱེད་སྟངས་ཡིན་པ་ཉམས་ཞིབ་པས་བརྗོད་ཀྱི་འདུག
རྒྱ་ནག་གཞུང་གིས་ཉེ་ཆར་ཕྱི་ཟླ་༤བའི་ཚེས་འགོར་འགོ་ཁྲིད་ཞི་ཅིན་ཕིན་གྱི་བསམ་བློའི་སློབ་གསོ་ཟེར་བའི་དཔེ་དེབ་ཞིག་རྒྱ་ནག་རྒྱལ་ཡོངས་ནང་དཔར་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་བཞིན། ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་དང་མཚོ་སྔོན་དང་མགོ་ལོག དེ་བཞིན་རྔ་བ་ཕྱོགས་སུ་གཞུང་འབྲེལ་གྱི་ལས་དོན་གལ་ཆེན་དུ་བརྩིས་ནས། མང་ཚོགས་ཚོས་ངེས་པར་དུ་ཞི་ཅིན་ཕིན་གྱི་བསམ་བློའི་སློབ་གསོ་ལ་སློབ་སྦྱོང་དང་ལག་བསྟར་དགོས་པའི་ཚོགས་འདུ་ཚོགས་པ་དང་། དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། རྒྱ་ནག་གཞུང་གིས་བོད་མི་ཚོར་དམར་ཤོག་ཚོགས་པའི་ཆབ་སྲིད་དྲིལ་བསྒྲགས་དེ་རིགས་ཐབས་སྣ་ཚོགས་ཀྱི་སྒོ་ནས། བོད་ཀྱི་ཆོས་དང་རིག་གཞུང་མེད་པ་བཟོ་ཐབས་བྱེད་བཞིན་ཡོད་ཀྱང་རེ་འབྲས་གང་ཡང་སྨིན་གྱི་མེད་པ་འགྲེལ་བརྗོད་གནང་བྱུང་།
ཕྱི་ཟླ་༤ཚེས་༡༡ཉིན་རྒྱ་ནག་གཞུང་གིས་ཞི་ཅིན་ཕིན་གྱི་བསམ་བློའི་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་ཟེར་བ་ཞིག་ལྷ་སར་འཚོགས་ཡོད་པ་དང་། སྐབས་དེར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲང་གིས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་རིགས་པའི་གཞུང་ལུགས་ལ་བརྟེན་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཡོང་བར་བྱེད་པའི་ཐབས་གལ་ཆེན་ཡིན་སྐོར་བརྗོད་འདུག འོན་ཀྱང་སི་པན་དུ་གནས་སྡོད་བོད་གནས་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ནས། སྤྱིར་ན་ཞི་ཅིན་ཕིན་འགོ་ཁྲིད་དུ་སླེབས་པ་ནས་བཟུང་ཁོ་རང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་ལ། ལྷག་པར་བོད་ནང་ལ་མཚོན་ན་བོད་ནི་རྒྱ་ནག་གི་བཙན་བཟུང་འོག་ཡོད་པ་དང་། བོད་མིའི་བསམ་བློ་གཏོང་ཕྱོགས་རྒྱ་མི་རིགས་དང་མི་འདྲ་བ་ཡོད་སྟབས། དྲིལ་བསྒྲགས་ཀྱི་ལས་འགུལ་ཡང་རྒྱ་ནག་ལས་ཤུགས་ཆེ་རུ་སྤེལ་བཞིན་ཡོད་པ་གསུང་གི་འདུག
རྒྱ་ནག་གཞུང་འབྲེལ་གྱི་ངོས་ནས་རྒྱ་ནག་རྒྱལ་ཡོངས་སུ་ཞི་ཅིན་ཕིན་གྱི་གསུང་རྩོམ་འགྲེམས་སྤེལ་དང་འབྲེལ་སློབ་སྦྱོང་དགོས་པའི་བརྡ་ཐོ་ཞིག་བཏང་བའི་ནང་། ཉེ་ཆར་གཞུང་འབྲེལ་ངོས་ནས་ཞི་ཅིན་ཕིན་གྱི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ་རྩོམ་སྒྲིག་དང་དཔེ་སྐྲུན་བྱས་པ་ནི་གཏན་འབེབས་གལ་ཆེན་ཞིག་དང་། ལས་དོན་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས་ཚང་མས་ལྟ་ཀློག་དང་སློབ་སྦྱོང་དགོས་སྐོར་བཀོད་འདུག དེའི་ཐད་ཟླ་བ་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་གིས་དུས་རྒྱུན་ཞི་ཅིན་ཕིན་གྱི་བསམ་བློར་སློབ་སྦྱོང་ཞེས་བཤད་བཞིན་པ་དེ་སྲིད་དབང་སྒེར་གཅོད་གྱི་བྱེད་སྟངས་ཤིག་ཡིན་པ་མངོན་གསལ་སྟོན་བཞིན་པ་ལས་གཞན་པའི་དོན་འབྲས་གང་ཡང་མེད་པར་ངོས་འཛིན་བྱེད་བཞིན་འདུག
ཞི་ཅིན་ཕིན་གྱི་བསམ་བློའི་སློབ་གསོ་ཟེར་བ་དེ་ཕྱི་ལོ་༢༠༡༢ལོ་ནས་༢༠༢༢བར་ཞི་ཅིན་ཕིན་འགོ་ཁྲིད་དུ་བསྡད་པ་ནས་བཟུང་བཤད་པའི་སྐད་ཆ་དག་དེབ་གཟུགས་སུ་དཔར་སྐྲུན་འགྲེམས་སྤེལ་བྱས་པ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་དེབ་དེའི་མིང་ལ་ཞི་ཅིན་ཕིན་གྱི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ་ཅེས་ཡིན་ན་ཡང་། བོད་ཁུལ་དུ་ལག་བསྟར་བྱེད་སྐབས་གཙོ་བོ་ཞི་ཅིན་ཕིན་གྱི་བསམ་བློའི་སློབ་གསོ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་ཞེས་དྲིལ་བསྒྲགས་བྱེད་བཞིན་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།