ན་ལནྡྰའི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་བཞུགས་སྒར་དུ་ཕེབས་པ།

ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༢༥ ཉིན་རྒྱ་གར་དབུས་གཞུང་གི་སྲིད་བྱུས་ཉམས་ཞིབ་བསྟི་གནས་སམ་ (Niti Aayog) ཡི་འགན་འཛིན་གཞོན་པ་ཟུར་པ་དང་། བྷི་ཧར་མངའ་སྡེའི་ར་ཇྰ་གྷི་རིར་རྟེན་གཞི་བྱས་པའི་ན་ལནྡྰ་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སྐུ་ཞབས་ཨར་ཝན་དྷི་པཱ་ནཱ་གྷ་རི་ཡཱ་ (Arvind Panagariya) མཆོག་གཞུང་འབྲེལ་ལས་དོན་ཞིག་གི་ཆེད། བཞུགས་སྒར་དུ་ཆེད་ཕེབས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གནས་མཇལ་གནང་བ་དང་འབྲེལ་གསར་འགོད་པ་ཚོར། ང་རང་དེ་སྔ་ནས་ནང་ཆོས་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐོར་ཤེས་རྟོགས་བྱུང་བ་ནས། འདིར་ཡོང་འདོད་ཆེན་པོ་བྱུང་ཡོད་པ་དང་། ཐེངས་འདིར་ང་དང་ངའི་ནང་མི་འདིར་བཅར་ཐུབ་པ་ནི་དམིགས་ཡུལ་གལ་ཆེན་ཞིག་འགྲུབ་སོང་བ་ཡིན་ཞེས་གསུངས་སོང་།

ཕྱི་ཟླ་ ༦ ཚེས་ ༡༩ ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་ན་ལནྡྰའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གླིང་གསར་པ་ཞིག་དབུ་འབྱེད་གནང་ཡོད་ཅིང་། འདི་ག་གསར་འགོད་པས་གཙུག་ལག་སློབ་གཉེར་ཁང་དེས་མ་འོངས་གཞོན་སྐྱེས་རྣམས་ལ་ཕན་ནུས་གང་འདྲ་ཞིག་ཡོང་སྲིད་པའི་ཐད་བཀའ་འདྲི་ཞུས་པར། ཁོང་གིས་ནྰ་ལནྡྰ་གཙུག་ལག་སློབ་གཉེར་ཁང་དེས། མ་འོངས་སྐྱེས་ཚར་འབྱུང་བཞིན་པའི་གཞོན་སྐྱེས་རྣམས་ལ་རྒྱ་གར་གྱི་གནའ་བོའི་རིག་གཞུང་ངོ་སྤྲོད་ཡོང་ཐུབ་རྒྱུའི་རེ་བ་ཡོད་པ་དང་། ལས་གཞི་དེ་ནི་ང་ཚོས་གནའ་བོའི་ན་ལནྡྰ་རིག་གཞུང་ཉམས་པ་སླར་གསོ་བྱ་རྒྱུའི་མངོན་འདོད་ཞིག་ཡིན་ཞིང་། དེང་དུས་ཀྱི་མཐོ་སློབ་ཁག་ནས་ཤེས་ཡོན་དེ་དག་བརྒྱུད་སློབ་མ་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་ཐུབ་རྒྱུའི་ཆེད་ཡིན་ཞེས་གསུངས་སོང་།
ཡང་ན་ལནྡྰའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གླིང་གསར་པ་དབུ་འབྱེད་དང་འབྲེལ། ཕྱི་ཟླ་ ༦ ཚེས་ ༢༢ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ནས་ན་ལྣྜ་གཙུག་ལག་སློབ་གཉེར་ཁང་གི་སློབ་གླིང་གསར་པ་ཞིག་དབུ་འབྱེད་གནང་བར་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་བའི་ནང་། རྒྱ་གར་གྱི་གནའ་བོའི་རིག་གཞུང་གོ་རྟོགས་དང་སྤྲོ་སྣང་རྒྱ་ཆེར་སྤེལ་རྒྱུའི་ཐད་དམ་བཅའ་བརྟན་པོ་ཡོད་པ་བཞིན། གནའ་བོའི་ས་ཚིགས་ཤིག་ཏུ་ན་ལནྡྰ་གཙུག་ལག་སློབ་གཉེར་ཁང་གསར་པ་ཞིག་དབུ་འབྱེད་གནང་ཡོད་པ་ནི་ཧ་ཅང་ལེགས་ཤིང་། ཡར་རྒྱས་གོང་འཕེལ་ཡོང་བའི་ཐུགས་སྨོན་མཛད་ཡོད་པ་རེད།
སྐུ་ཞབས་ཨར་ཝན་དྷི་པཱ་ནཱ་གྷ་རི་ཡཱ་མཆོག་ནི། རྒྱ་གར་གྱི་དཔལ་འབྱོར་རིག་གནས་མཁས་པ་དང་། ཕྱི་ལོ་ ༢༠༡༢ ལོར་རྒྱ་གར་སྲིད་འཛིན་མཆོག་གིས། ཁོང་གི་དཔལ་འབྱོར་རིག་པ་དང་སྤྱི་དམངས་ཀྱི་སྲིད་བྱུས་ཐད་ཕྱག་ལས་གནང་བར་ Padma Bhushan གྱི་གཟེངས་རྟགས་ཕུལ་ཡོད་ཅིང་། ཁོང་གིས་ད་ལྟའི་ཆར་རྒྱ་གར་བྷི་ཧར་མངའ་སྡེའི་ར་ཇྰ་གྷི་རིར་རྟེན་གཞི་བྱས་པའི་ནྰ་ལནྡྰའི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་གྱི་ཐུགས་འགན་བཞེས་མུས་ཡིན་པ་རེད།
ཐེངས་འདིར་སྐུ་ཞབས་ཨར་ཝན་དྷི་པཱ་ནཱ་གྷ་རི་ཡཱ་མཆོག་བཞུགས་སྒར་དུ་ཕེབས་སྐབས། ཀང་གྷ་ར་རྫོང་དཔོན་དང་རྡ་ས་ས་གནས་འགོ་འཛིན་རྣམ་གཉིས་ལྷན་བཅར་གནང་ཡོད་ཅིང་། རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས། རྒྱ་གར་དབུས་གཞུང་དང་ཆེས་མཐོའི་མི་སྣ་རིགས་བཞུགས་སྒར་དུ་ཕེབས་ནས། གཙུག་ལག་ཁང་དང་ས་གནས་སུ་གཟིགས་སྐོར་དུ་ཕེབས་པ་དེས་བོད་དོན་ལ་ཕན་པོ་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
སྐུ་ཞབས་ཨར་ཝན་དྷི་པཱ་ནཱ་གྷ་རི་ཡཱ་མཆོག་གིས་ནྰ་ལནྡྰ་གཙུག་ལག་སློབ་གཉེར་ཁང་གི་བསླབ་གཞི་གཙོ་བོ་དྲུག་ཡོད་པ་དེ་དག་ནི། ནང་ཆོས་དང་ཆོས་ལུགས་གཞན་གྱི་སློབ་སྦྱོང་དང་། ལོ་རྒྱུས། དེ་བཞིན་སྣོད་བཅུད་དང་ཁོར་ཡུག་རིག་པའི་སློབ་སྦྱོང་དང་། དེང་དུས་བཀོད་བྱུས་འབྲེལ་ཡོད་ཤེས་ཡོན་སོགས་ཀྱི་སྐོར་ཡིན་པ་གསུངས་སོང་ལ། ཉེ་ཆར་དབུ་འབྱེད་གནང་བའི་སློབ་གླིང་གསར་པ་དེ་ནི་ཆ་རྐྱེན་ཕུན་སུམ་ཚོགས་ཤིང་། ཧ་ཅང་མཛེས་སྡུག་ལྡན་པ་ཞིག་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།