བལ་ཡུལ་གྱི་རྩ་ཁྲིམས་བཟོ་བཅོས་ལོ་གཅིག་འཕར་འགྱངས།
2011.05.13
༄༅༎བལ་ཡུལ་གཞུང་གིས་བལ་ཡུལ་གྱི་གྲོས་ཚོགས་སམ་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ལས་རྒྱུན་སླར་ཡང་ལོ་གཅིག་གི་འཕར་འགྱངས་བྱ་རྒྱུའི་ཐག་གཅོད་གནང་བའི་སྐོར་གསལ་བསྒྲགས་གནང་ཡོད་པ་རེད་
བལ་ཡུལ་ནང་མའོའི་གྱེན་ལོག་སྒྲིག་འཛུགས་ཀྱིས་༢༠༠༦་ལོར་ དྲག་ལས་སྤངས་ཏེ་ཞི་འགྲིག་གི་ལས་དོན་ལ་མཉམ་བཞུགས་ཀྱི་རྗེས་ ཡུལ་གྱི་ཆབ་སྲིད་ལམ་ལ་འཕོ་འགྱུར་གྱིས་ དམངས་གཙོ་ཚད་ལྡན་ཞིག་ཡོང་སླད་ ༢༠༠༨་ལོར་སྲིད་དོན་ཚོགས་ཁག་གི་བར་ རྒྱལ་ཡོངས་འོས་བསྡུ་བརྒྱུད་ བར་བརྒལ་གྲོས་ཚོགས་སམ་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་ཞིག་འདེམས་བསྐོ་གནང་ཡོད་པ་དང་ མང་མོས་འོས་འདེམས་བྱས་པའི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཐོག་ནས་ ༢༠༡༠འི་ ཕྱི་ཟླ་༥་པའི་ཚེས་༢༨་ཀྱི་ནང་ཚུད་ རྩ་ཁྲིམས་ཟིན་བྲིས་ཐུབ་པ་བྱ་རྒྱུའི་ གྲོས་མཐུན་བྱུང་ཡོད་པ་རེད་
དེ་ལྟར་ཡང་མའོའི་ཚོགས་པས་གཙོ་བོ་བྱས་པའི་སྲིད་དོན་ཚོགས་ཁག་གི་དབར་ དབང་ཆའི་འཐབ་རྩོད་ཀྱི་རྐྱེན་པས་ བར་བརྒལ་གྲོས་ཚོགས་ནས་ ༢༠༡༠འི་དུས་བཀག་ནང་ཚུད་རྩ་ཁྲིམས་ཟིན་བྲིས་ཐུབ་མེད་པར་སོང་ སྲིད་དོན་ཚོགས་ཁག་རྣམས་ཐར་མཉམ་རུབ་ཀྱིས་ རྩ་ཁྲིམས་གསར་བཟོའི་དུས་བཀག་དེ་ ༢༠༡༡་གྱི་ཕྱི་ཟླ་༥་པའི་བར་ ལོ་གཅིག་གི་རིང་འཕར་འགྱངས་ཡོད་པ་དང་ དེ་ལྟར་ལོ་གཅིག་གི་དུས་ཡུན་འཕར་འགྱངས་བྱས་མིན་ལ་མི་ལྟོས་པར་ བལ་ཡུལ་གཞུང་དང་གྲོས་ཚོགས་འཐུས་མི་ཚོའི་ངོས་ནས་ དུས་བཀག་འཕར་འགྱངས་བྱས་པའི་དེའི་ནང་ཚུད་་ སླར་ཡང་རྩ་ཁྲིམས་ཟིན་བྲིས་ཐུབ་ཀྱི་མེད་སྐོར་གསུངས་ཀྱི་ཡོད་པ་རེད་ དེ་ཡང་བལ་ཡུལ་གཞུང་གི་ཤེས་རིགས་བློན་ཆེན་རྒང་ག་ལ་ཏུ་ལ་རྡར་Gangalal Tuladahar གིས་ཁ་ས་གསར་འགོད་ལྷན་ཚོགས་ལ་ རྩ་ཁྲིམས་ཟིན་བྲིས་དེ་བཞིན་༢༠༡༡་གི་དུས་བཀག་དེའི་ནང་ཚུད་ ཐུབ་ཀྱི་མེད་པ་གསལ་པོ་ཆགས་བཞིན་པར་སོང་ ང་ཚོས་དུས་ཡུན་དེ་སླར་ཡང་༢༠༡༢་གྱི་ཕྱི་ཟླ་༥་པའི་བར་ ལོ་གཅིག་གི་རིང་འཕར་འགྱངས་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་དང་ གནད་དོན་དེའི་སྐོར་སྲིད་དོན་ཚོགས་གཞན་ཁག་གི་ལྷན་གོ་བསྡུར་ཞུ་འཆར་ཡོད་ཅེས་གསུངས་ཡོད་པ་རེད་