ཁྲིན་ཝུན་ཆིན་ནས་རྒྱལ་ཁབ་སྲུང་སྐྱོབ་དགོས་པར་བཤད་པ་དེས། བོད་ནང་དམ་དྲག་ཇེ་ཆེར་གཏོང་རྒྱུའི་མངོན་རྟགས་ཡིན་པ། ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག
ཉེ་ལམ་རྒྱ་ནག་དབུས་སྲིད་ཁྲིམས་ལྷན་ཁང་གི་དྲུང་ཆེ་ཁྲིན་ཝུན་ཆིན་ཟེར་བས། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལམ་བོད་མདོ་སྨད་ཀྱི་ས་ཁུལ་ཁག་ཅིག་ནང་ལྟ་སྐོར་དང་འབྲེལ། ཞིང་ཆེན་རིམ་པའི་བདེ་འཇགས་དཔོན་རིགས་ཁག་ཅིག་དང་ཚོགས་འདུ་བསྐོངས་ཏེ། ལངས་ཕྱོགས་བརྟན་པོའི་སྒོ་ནས་རྒྱ་ནག་གི་ཆིག་སྒྲིལ་སྲུང་སྐྱོབ་དང་། མི་རིགས་ཁ་བྲལ་ལ་ངོ་རྒོལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་ལྷིང་བཟོ་དགོས་པ། བོད་རང་སྐྱོང་ལྗོངས་ཙམ་མིན་པར་དེའི་ཉེ་འཁོར་ཞིང་ཆེན་ཁག་གི་བོད་རིགས་ས་ཁུལ་དུའང་། ཡུན་རིང་བདེ་འཁོད་དང་བརྟན་བརླིང་སྲུང་སྐྱོབ་སླད་དཀའ་ཉེན་སྔོན་འགོག་དང་སྟངས་འཛིན་བྱེད་དགོས་པ་སོགས་བཤད་ཡོད་པ་དེར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། རྒྱ་ནག་གཞུང་གིས་མི་རིགས་ས་ཁུལ་དུ་སྔོན་མ་ནས་དམ་དྲག་སྲིད་བྱུས་ཤུགས་ཆེ་ཡོད་པ་དེ། མུ་མཐུད་དུ་ཁམས་དང་ཨ་མདོའི་ས་ཁུལ་དུ་ཤུགས་ཆེ་རུ་གཏོང་རྒྱུའི་མངོན་རྟགས་ཤིག་དང་། དེ་ལ་གྲ་སྒྲིག་ནི་སྔོན་མ་སྲིད་འཛིན་ཅང་ཙེ་མིན་གྱི་སྐབས་ནས་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
རྒྱ་གར་གྱི་རྒྱ་ནག་ཉམས་ཞིབ་པ་Aadil Brarལགས་ནས་ཀྱང་། རྒྱ་ནག་གཞུང་གིས་ཡུ་གུར་དང་བོད་མིའི་ཆོས་དང་རིག་གཞུང་རྒྱ་ནག་ཅན་དུ་བསྒྱུར་ཆེད་སྔ་མོ་ནས་འབད་བརྩོན་མང་པོ་བསྟེན་བཞིན་པ་དེ། ད་ལྟ་སྔ་མོ་ལས་ཀྱང་ཤུགས་ཆེ་རུ་གཏོང་བཞིན་པའི་མངོན་རྟགས་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག“རྒྱ་ནག་གཞུང་གིས་སྔ་མོ་ལས་ཀྱང་བོད་དང་ཡུ་གུར་མི་རིགས་ཀྱི་ཆོས་དང་རིག་གཞུང་སོགས་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་ཇུས་ཤུགས་ཆེ་རུ་གཏོང་བཞིན་པ་མ་ཟད། ཝང་ཧུ་ཉིང་ནས་ལྷ་ས་ལ་ལྟ་སྐོར་སྐབས་དང་ཁྲིན་ཝུན་ཆིན་གྱིས་ལྟ་སྐོར་གང་གི་སྐབས་སུ་ཡིན་ནའང་། མི་རིགས་མཐུན་སྒྲིལ་དང་རྒྱ་ནག་ཅན་དུ་བསྒྱུར་བ་གལ་ཆེན་ཡིན་པའི་དམིགས་ཡུལ་གསལ་སྟོན་བྱས་ཡོད་པའི་ཁར། བོད་ནང་རིག་གཞུང་གི་རང་སྐྱོང་ཙམ་ཞིག་ལྷག་ཡོད་པ་དེ་གནད་འགག་ཆེན་པོ་ཆགས་ཡོད་པས། དེ་ལ་རྒྱ་ནག་དབུས་གཞུང་འདོད་མོས་དང་བདེ་བོ་མེད་པའི་རྣམ་འགྱུར་དང་བརྡ་སྟོན་བྱེད་ཀྱིན་པ་རེད་”ཅེས་འགྲེལ་བརྗོད་གནང་གི་འདུག
རྒྱ་གར་རྒྱལ་ཡོངས་བདེ་སྲུང་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་རྒྱ་ནག་ཆེད་མཁས་པ་ཇཱ་ཡ་དེ་བ་རཱ་ནཱ་ལྡིན་ལགས་ནས་ཀྱང་། རྒྱལ་སྤྱིའི་སྲིད་དོན་གྱི་ཡོ་འཁྱོམ་དང་བསྟུན་ནས་བོད་ནང་ཕྱི་རྒྱལ་ནས་དཀྲུག་རྐྱེན་ཡོང་བར་འཇིགས་སྣང་གིས། རྒྱ་ནག་གཞུང་གིས་བརྟན་བརླིང་ཤུགས་ཇེ་ཆེར་གཏོང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག“ཁོ་ཚོས་བརྟན་བརླིང་ལ་ཤུགས་སྣོོན་བྱེད་དོན་གཅིག་ནི། རྒྱ་ནག་དང་འབྲེལ་བའི་རྒྱལ་སྤྱིའི་སྲིད་དོན་ལ་ཡོ་འཁྱོམ་ཆེན་པོ་ཡོང་བཞིན་པ་དང་། རྒྱ་ནག་ཟུར་དུ་ཕུད་རྒྱུ་ཤུགས་ཇེ་ཆེ་དང་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཉམས་ཆག་ཕྱིན་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཕྱི་རྒྱལ་ནས་དཀྲོག་རྐྱེན་བསླངས་ཏེ་རྒྱ་ནག་ནང་འཁྲུག་ཟིང་ལངས་སྲིད་པའི་དོགས་གཞི་ཡོད་པ་མ་ཟད། ཁོ་ཚོས་བོད་ནི་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པོ་བྱེད་ས་ཞིག་དང་། བོད་དོན་འཐབ་རྩོད་ནང་ཨ་མི་རི་ཀ་དང་རྒྱ་གར་སོགས་སྐྱ་འཐབ་ནས་ཡར་ལངས་ཡོང་བའི་དོགས་གཞི་དང་གྲ་སྒྲིག་ཅིག་ཏུ་མཐོང་”གི་ཡོད་པ་འགྲེལ་བརྗོད་གནང་སོང་།
ཁྲིན་ཝུན་ཆིན་ནི་སྤྱི་ལོ་༢༠༢༢ལོའི་སྤྱི་ཟླ་༡༠པའི་ནང་རྒྱ་ནག་སྲིད་ཁྲིམས་ལྷན་ཁང་གི་དྲུང་ཆེ་ལ་བསྐོས་ཡོད་པ་དང་། དེ་སྔོན་སྤྱི་བདེ་ལྷན་ཁང་དང་རྒྱལ་ཁབ་བདེ་འཇགས་ལྷན་ཁང་། བཅིངས་གྲོལ་དམག་ཁུལ་བཅས་སུ་མགོ་ཁྲིད་བྱས་མྱོང་བ་ཞིག་ཡིན་ཅིང་། ཁོ་རང་གིས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དང་ཉིན་ཞ་རྒྱ་ཁ་ཆེའི་རིགས་རང་སྐྱོང་ལྗོངས་བཅས་ལྟ་སྐོར་བྱེད་སྐབས་ཀྱང་། ཁ་བྲལ་ལ་ངོ་རྒོལ་དང་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་དགོས་པ་སོགས་ཤུགས་ཆེར་བཤད་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།