རྒྱ་ནག་དང་ཐེ་ལྦན་གཉིས་དབར་གྲོས་མོལ་འགོ་ཚུགས་ཡོད་འདུག
2008.06.12
༄༅༎ད་རིང་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་དང་ཐེ་ལྦན་གཉིས་ཀྱི་སྐུ་ཚབ་དབར་མཇལ་འཕྲད་ཀྱི་གྲོས་མོལ་འགོ་ཚུགས་ཡོད་པ་དང་། རྒྱ་ནག་གི་སྐུ་ཚབ་ཆན་ ཡུན་ལིན་ནས་འགྲེལ་བརྗོད་བྱས་པར་ལྟར་ན། ང་ཚོ་མཚོ་ཁག་གཉིས་ཕན་ཚུན་བློ་མཐུན་དང་། ཡིད་ཆེས་འཕེར་བའི་ཐོག་ནས་གྲོས་མོལ་གནང་བ་ཡིན་ན་ཕྱོགས་གཉིས་ཀའི་ཡར་རྒྱས་གོང་འཕེལ་ཡོང་ཐབས་སུ་ཁེ་ཕན་ཆེན་པོ་ཡོང་རྒྱུ་ནི་དོན་མི་ཟ་བ་རེད་ཅེས་ད་རིང་གྲོས་མོལ་འགོ་འཛུགས་སྐབས་ཕན་ཚུན་གཉིས་དགའ་བས་འཛུམས་མདངས་དང་བཅས་ལག་པ་བཏང་རེས་བྱས་ཡོད་པ་རེད། རྒྱ་ནག་སྐམ་ས་ཆེན་པོ་དང་། ཐེ་ལྦན་མཚོ་ཁ་གཉིས་དབར་ཐེངས་འདིའི་གཞུང་འབྲེལ་གནད་ཡོད་མི་སྣའི་དབར་གྲོས་མོལ་བྱེད་རྒྱུ་དེ་ནི་འདས་པའི་ལོ་ངོ་ལྔ་བཅུ་ལྷག་ཙམ་གྱི་རྗེས་སུ་ད་རེས་ཐོག་མ་དེ་ཡང་ཆགས་ནས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག། ད་ལྟའི་ཆར་གྲོས་མོལ་གྱི་གནད་དོན་གཙོ་བོའི་གྲས་སུ་མཚོ་ཁ་གཉིས་དབར་ཐད་ཀར་གནམ་གྲུ་གཏོང་རེས་བྱེད་རྒྱུ་དང་། དེ་བཞིན་རྒྱ་ནག་སྐམ་ས་ཆེན་པོའི་ཡུལ་མི་ཚོ་ཐེ་ལྦན་ནང་ཡུལ་སྐོར་སྤྲོ་འཆམ་གཏོང་རྒྱུའི་ཆོག་མཆན་སྤྲོད་ཆོག་སོགས་ཡིན་པ་དང་གོང་ཞུས་གནད་དོན་གཉིས་ཐོག་སང་ཉིན་རེས་གཟའ་པ་སངས་ཉིན་གྲུབ་འབྲས་ལྡན་པའི་གྲོས་མཐུན་ཞིག་བཞག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་འདུག།
ཕྱོགས་གཉིས་དབར་དེ་སྔ་ནས་འཁོན་འཁྲུགས་ཡོད་མུས་ཐོག་འདས་པའི་ལོ་ངོ་བརྒྱད་ཙམ་རིང་ཐེ་ལྦན་མང་གཙོ་ཚོགས་པའི་སྲིད་འཛིན་དྲན་ཤུ་བཱན་མཆོག་ནས་གཞུང་འཛིན་པའི་སྐབས་འཁོན་འཛིན་དེ་བས་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད། འོན་ཀྱང་ཉེ་ཆར་སྲིད་འཛིན་འོས་བསྡུའི་སྐབས་གོ་མིང་ཏང་ཚོགས་པར་རྒྱལ་ཁ་ཐོབ་པའི་རྗེས་སུ་ད་ལྟའི་སྲིད་འཛིན་གསར་པ་མ་ཡིང་ཇུས་རྒྱ་ནག་མཉམ་གྲོས་མོལ་སླར་གསོ་བྱེད་རྒྱུ་དང༌། ཕྱོགས་གཉིས་ཀའི་ཁེ་ཕན་ལ་བརྟེན་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུའི་གསལ་བསྒྲགས་གནང་བ་དང་ཆབས་ཅིག་འདས་པའི་དུས་ཡུན་ཐུང་ངུའི་ནང་ཕན་ཚུན་འཚམས་འདྲི་གནང་རེས་གནང་ཡོད་པ་བཅས་འབྲེལ་བའི་ཁ་ཕྱོགས་བཟང་ཕྱོགས་སུ་འགྱུར་བཞིན་པའི་སྐབས་ཡིན་པ་རེད།