དཔའ་ཤོད་དགོན་པའི་བླ་མ་དང་དགེ་འདུན་པ་བདུན་འཇུ་བཟུང་།
2014.04.21
རྒྱ་ནག་གིས་འབྲེལ་ཡོད་ཚན་པས་ཆབ་མདོ་ཚ་བ་དཔའ་ཤོད་དགོན་པའི་བླ་མ་དང་དགེ་འདུན་པ་བདུན་གློ་བུར་འཇུ་བཟུང་བྱས་ཡོད་འདུག
འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། བོད་ཀྱི་ཆབ་མདོ་ས་ཁུལ་ཚ་བ་དཔའ་ཤོད་དགོན་བསམ་གྲུབ་བདེ་ཆེན་གླིང་གི་བླ་མ་བཟོད་པ་བློ་བཟང་བསྟན་འཕེལ་ལམ་ཡོངས་གྲགས་སུ་བླ་མ་བསྟན་འཛིན་ཞུ་བ་དང་། དགེ་འདུན་པ་འགའ་ཤས་ཉེ་བའི་བོད་ཟླ་དང་པོའི་ཚེས་ཉི་ཤུ་རྩ་གྲངས་ནང་རྒྱ་ནག་གི་འབྲེལ་ཡོད་ཚན་པས་དགོན་པ་ནས་འཛིན་བཟུང་བྱས་ཡོད་པ་དང་། དགོན་པའི་དགེ་འདུན་པ་དང་ས་གནས་བོད་མི་ཚོས་རྩད་གཅོད་གནང་སྐབས་བླ་མ་ཁོང་གིས་ལོ་འདིའི་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ཚ་བ་གཞིས་བྱེས་ཡོངས་ཀྱིས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐབས་ཞལ་འདེབས་ཕུལ་ཡོད་ལུགས་དང་ །དེ་བཞིན་ཀུན་བདེ་གླིང་སྟག་ཚག་རིན་པོ་ཆེ་མཆོག་དགེ་བཤེས་ལྷ་རམས་པའི་དམ་འབུལ་ཆེད་ཞལ་འདེབས་ཕུལ་ཡོད་པ་དེ་དག་གི་བྱུང་འཛིན་དང་ཡིག་ཆ། དེ་བཞིན་རྒྱ་གར་ལ་འབྲེལ་བ་ཡོད་པ་སོགས་རྫོང་གི་འབྲེལ་ཡོད་ཉེན་རྟོག་མི་སྣས་བཤད་ཡོད་པ་རེད་འདུག གནས་ཚུལ་ལྟར་ན། འཛིན་བཟུང་མ་བྱས་བའི་སྔོན་རྒྱ་ནག་གི་འབྲེལ་ཡོད་ཉེན་རྟོག་ཚན་པས་ཁོང་གི་གཟིམ་ཤག་བསྔོག་བཤེར་བྱས་ཡོད་པ་དང་། ད་ལྟ་ཁོང་དང་དགེ་འདུན་པ་ཁོང་ཚོ་གར་ཡོད་ཤེས་རྟོགས་མེད་པ་མ་ཟད་། ཚ་བ་ཁུལ་གྱི་དགོན་གྲོང་གཉིས་ཀར་འབྲེལ་བ་བྱེད་རྒྱུར་དམ་བསྒྲཌ་ཧ་ཅང་ཆེ་རུ་བཏང་ཡོད་པ་རེད་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།