རྒྱ་གཞུང་གིས་མདོ་སྨད་རྨ་ཆུ་རྫོང་དུ་བོད་མི་གཉིས་འཛིན་བཟུང༌།
2015.06.06
༄༅༎བོད་མདོ་རྨད་རྨ་ཆུ་རྫོང་གི་བོད་མི་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་ལ་དམིགས་ནས་རྟ་རྒྱུགས་འགྲན་བསྡུར་ཞིག་བྱ་རྩིས་ཡོད་པ་དེར། ས་གནས་རྒྱ་ནག་གཞུང་ཕྱོགས་ནས་བཀག་སྡོམ་དང་བཀོད་སྒྲིག་བྱ་མཁན་བོད་མི་གཉིས་འཛིན་བཟུང་བྱས་འདུག
འདི་ག་རླུང་འཕྲིན་ཁང་ལ་ད་ལྟ་ཡོ་རོབ་ནང་གནས་སྡོད་རྩོམ་པ་པོ་སྐྱེས་སར་ཀླུ་སྒྲུབ་ལགས་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཟླ་བ་འདིའི་ཚེས་༥ཉིན་མདོ་སྨད་རྨ་ཆུ་རྫོང་རྨ་ཁུག་རྟ་ར་ནས། རྨ་ཆུ་རྫོང་གི་ཉེན་རྟོག་པས་བོད་མི་འཇམ་དབྱངས་དང་གཞན་པ་མིང་ཤེས་རྟོགས་ཐུབ་མེད་པ་གཅིག་བཅས་མི་གཉིས་འཛིན་བཟུང་བྱས་ཡོད་འདུག་ཅིང་། དེ་ནི་ཉེ་ཆར་རྨ་ཆུའི་གྱི་ལིང་རྟ་རྒྱུགས་ཚོགས་པའི་ངོས་ནས། ཟླ་བ་འདིའི་ཚེས་༡༠ནས་ཚེས་༡༣བར་རྟ་རྒྱུགས་འགྲན་བསྡུར་ཞིག་བྱ་རྩིས་ཡོད་པ་དེའི་བཀོད་སྒྲིག་གནང་མཁན་ཡིན་ཚུལ་གྱིས་བོད་མི་དེ་གཉིས་འཛིན་བཟུང་བྱས་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ཡང་གྱི་ལིང་རྟ་རྒྱུགས་ཚོགས་པ་དེ་ནས་སྤེལ་བའི་བརྡ་སྦྱོར་ནང་བརྗོད་ན།ཐེངས་འདིའི་རྟ་རྒྱུགས་འགྲན་བསྡུར་དེ་ནི་མདོ་སྨད་ཡུལ་ནས་ད་ལོར་རྟ་རྒྱུགས་དང་ཚེ་ཐར་གཏོང་བ་སོགས་རྣམ་པ་འདྲ་མིན་གྱི་ལམ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་སྲུང་བརྩི་གནང་བཞིན་པ་ལྟར། རྟ་རྒྱུགས་དེའང་བཀྲ་ཤིས་དུས་བཟང་གི་ཉིན་མོ་དེ་བསུ་ཆེད་དང་། ཚེ་ཐར་གྱི་བྱ་སྒོ་ཁག་སྐུའི་ཞབས་བརྟན་ཆེད་ཡིན་པས། རྟ་རྒྱུགས་འགྲན་བསྡུར་དེར་རྒྱ་རྟ་མ་ཡིན་པའི་མདོ་ཁམས་ས་གནས་གང་རུང་གི་བོད་མི་ཞུགས་ཆོག་ནའང་།འགྲན་ཞུགས་ནང་མིང་ཐོ་འགོད་སྐབས་ཀྱི་ཆ་རྐྱེན་ནི་༧སྐུའི་ཞབས་བརྟན་གྱི་ཆེད་དུ་གནག་ཕྱུགས་གཅིག་ཚེ་ཐར་གཏོང་དགོས་པ་དང་། རྟ་རྒྱུགས་འགྲན་བསྡུར་དེ་སྤྱི་ཟླ་༦པའི་༡༠ ནས་༡༣་བར་འཚོགས་རྒྱུ་དང་། རྟ་རྒྱུགས་ཀྱི་རྣམ་གྲངས་སུ་རྒྱང་ཐག་མི་ཊར་ཆིག་སྟོང་དང་ཉིས་སྟོང་། སུམ་སྟོང་། ལྔ་སྟོང་བཅས་རིགས་བཞི་དང་། དེ་དག་ལ་ཨང་རིམ་དང་པོ་ནས་ལྔ་བའི་བར་རྒྱ་སྒོར་ལྔ་སྟོང་གི་བྱ་དགའ་དང་། ཨང་དྲུག་པ་ནས་བཅུ་བའི་བར་རྒྱ་སྒོར་བཞི་སྟོང་།ཨང་བཅུ་གཅིག་ནས་ཉི་ཤུའི་བར་རྒྱ་སྒོར་སུམ་སྟོང་གི་བྱ་དགའ་སྟེར་རྩིས་ཡོད་ལ། དེ་བཞིན་འགྲན་ཚོགས་སྐབས་རྒྱལ་འཇོག་པ་སོགས་བྱེད་མི་ཆོག་པ་མ་ཟད། ཟ་ཁང་དང་ཚོང་ཁང་ནས་ཨ་རག་གི་རིགས་ཀྱང་བཙོང་མི་ཆོག་པ་གོང་བརྗོད་བརྡ་སྦྱོར་ནང་བཀོད་ཡོད་པ་རེད། ཡིན་ནའང་ད་ལྟ་རྒྱ་ནག་གཞུང་གིས་རྟ་རྒྱུགས་འགྲན་བསྡུར་དེ་སྤེལ་མི་ཆོག་ཚུལ་གྱིས་བཀག་སྡོམ་བྱས་ནས་ས་གནས་སུ་དམ་དྲག་ཆེན་པོ་བྱེད་བཞིན་པ་གནས་ཚུལ་འབྱུང་ཁུངས་ཀྱིས་བརྗོད་ཡོད་པ་རེད།།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།