རྒྱ་ནག་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་བདམས་མི་འོས་པ་རེད་ཅེས། བོད་མིའི་སྒྲིག་འཛུགས་ཀྱིས་དགག་བྱ་གནང་ཡོད་པ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་སུ་སྤྱི་ཟླ་༡༠པའི་ཚེས་༡༠ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འཐུས་རྒྱལ་ཁབ་བཅོ་ལྔ་གསར་འདེམས་ཀྱིས། འབྱུང་འགྱུར་ལོ་གསུམ་རིང་འཛམ་གླིང་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གོང་འཕེལ་གྱི་ཆེད་ལས་དོན་གནང་དགོས་པའི་ཁོངས་སུ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཞབས་སྟེགས་བཞི་ཡོད་པའི་འོས་དམིགས་སུ་རྒྱ་ནག་ཀྱང་ཚུད་ཡོད་པར་བརྟེན། བོད་མིའི་སྒྲིགའཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས།“རྒྱལ་ཁབ་མང་པོས་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་ཚོགས་མི་ལ་བདམས་མི་འོས་པར་གསུངས་པ་དང་མཚུངས་སུ། རྒྱལ་སྤྱིའི་ཚོགས་སྡེ་ཁག་མང་པོས་ཀྱང་འོས་བབས་མི་འདུག་ཅེས་གསལ་སྟོན་གནང་གི་ཡོད་པ་བཞིན། བོད་མིའི་སྒྲིག་འཛུགས་ནས་ཀྱང་རྒྱ་ནག་གི་ད་ལྟའི་གནས་བབས་དང་། ད་ཕན་ཆད་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་ཐོག་ནས། འོས་ཤིང་འཚམས་པ་མཐོང་གི་མི་འདུག”ཅེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག
ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ནས་ཀྱང་།“མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་ཞིག་ཡིན་ན། འགྲོ་བ་མིའི་ཐོབ་ཐང་གི་གོ་དོན་གཅིག་ཏུ་འཛིན་དགོས་པ་དང་ཐོབ་ཐང་ཆ་ཚང་གལ་ཆེན་ཡིན་པར་འཛིན་དགོས་པ་སོགས་ཀྱི་ཐད། རྒྱ་ནག་གཞུང་གིས་རྩ་བ་ནས་དེ་ཚོ་ལ་བརྩི་འཇོག་མི་བྱེད་པར། སོ་སོ་ལ་དགོས་པའི་རིགས་ཁག་ཅིག་བསྒྲུགས་པ་དང་སོ་སོར་འདོད་པ་མེད་པའི་རིགས་མང་པོ་ཞིག་དོར་ཏེ། འགྲོ་བ་མིའི་ཐོབ་ཐང་གི་སྒྲོམ་གཞི་དེ་ག་རྩ་མེད་ཀྱི་ཉེན་ཁ་བཟོ་བཞིན་པར་བརྟེན། རྒྱ་ནག་གཞུང་ལྷན་ཁང་དེའི་ཚོགས་མི་ལ་འོས་བབས་རྩ་བ་ནས་མི་འདུག”ཅེས་འགྲེལ་བརྗོད་གནང་གི་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་ཁག་གི་ལྷན་ཚོགས་ཀྱི་སར། བོད་དང་ཡུ་གུར། ཧོང་ཀོང་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་༩༠ནས་རེ་སྐུལ་ཞུ་འབོད་ཅིག་གནང་བའི་ནང་དུའང་། རྒྱ་ནག་གཞུང་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་གཏན་ནས་འོས་འདེམས་གནང་མི་རུང་བ་དང་། རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཏན་དང་བོད། ཧོང་ཀོང་ནང་བཅས་སུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པ་འཁོད་ཡོད་ཅིང་། རེ་སྐུལ་གནང་མཁན་ཚོགས་པ་དེ་དག་ལས་ཨོ་སི་ཁྲི་ར་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཛོ་ཡེ་སྦེ་ཊི་ཧྥོར་ཌི་ལགས་ནས། རྒྱ་ནག་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བ་ཚབས་ཆེ་ཤོས་ཆགས་ཀྱི་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་སྒྲིག་འཛུགས་ཁག་གིས་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་འཐེན་ཐབས་བྱས་ན། རྒྱ་ནག་གི་ངན་སྤྱོད་ལ་འགྱུར་བ་འགྲོ་རྒྱུར་ཕན་ཐོགས་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
ཁོང་གིས་“རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མཐའ་མེད་པ་ཞིག་གཏོང་བཞིན་པའི་ཁར། དེ་ལ་འགྱུར་བ་འགྲོ་རྒྱུའི་མངོན་རྟགས་ཅུང་ཟད་ཙམ་ཡང་མེད་མོད། མཉམ་འབྲེལ་རྒྱལ་ཚོགས་སོགས་སྒྲིག་འཛུགས་ཁག་གིས་རྒྱ་ནག་ཚུར་གྲོགས་སུ་བཀུག་འདོད་དང་མཉམ་རུབ་བྱ་འདོད་གནང་བཞིན་པ་ནི། གླེན་རྟགས་ཚ་བོའི་རང་བཞིན་ཙམ་ལས་མཇུག་འབྲས་ཡག་པོ་གང་ཡང་མེད་པས། དེ་ལས་རྒྱ་ནག་ལ་སྐྱོན་འཛུགས་དང་ཟུར་ཕུད་བཏང་ཅི་ཐུབ་ཀྱིས། དམིགས་བསལ་གྱི་ཞབས་སྟེགས་མི་སྤྲད་པར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་སྐྱོན་འཛུགས་ཤུགས་ཆེ་བྱས་ན་ཕན་ཐོགས་འབྱུང་གི་རེད།”ཅེས་འགྲེལ་བརྗོད་གནང་གི་འདུག རྒྱ་ནག་གཞུང་གིས་ད་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་རྒྱལ་ཁབ་༤༧ཡོད་པའི་ཁོངས་མི་སྐབས་བཞི་བྱས་ཏེ། སྐབས་གསུམ་པའི་ཚོགས་མི་འོས་འདེམས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་མི་རྒྱལ་ཁབ་༡༩༣ཡོད་པ་ལས །རྒྱལ་ཁབ་༡༨༠རྒྱ་ནག་ལ་རྒྱབ་སྐྱོར་གྱིས་འོས་ཤོག་འཕངས་ཡོད་ནའང་། སྐབས་བཞི་པའི་འོས་འདེམས་སུ་རྒྱ་ནག་ལ་རྒྱལ་ཁབ་༡༣༩རྒྱབ་སྐྱོར་མ་གཏོགས་ཐོབ་མེད་པ་ནི། ཡུ་གུར་མི་རིགས་དང་བོད། ཧོང་ཀོང་བཅས་སུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་བར་བརྟེན། རྒྱལ་ཁབ་མང་པོས་རྒྱ་ནག་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱས་པར་ངོས་འཛིན་གནང་གི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།