ཨ་རིའི་སྲིད་འཛིན་གྱིས་ཨེ་ཤེ་ཡའི་མངའ་ཁུལ་གྱི་རང་དབང་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་གསུངས་འདུག

2021.10.28
ཨ་རིའི་སྲིད་འཛིན་གྱིས་ཨེ་ཤེ་ཡའི་མངའ་ཁུལ་གྱི་རང་དབང་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་གསུངས་འདུག ལྷོ་ཤར་ཨེ་ཤེ་ཡའི་མངའ་ཁུལ་ཡུལ་གྲུ་ཁག་གི་ཆེས་མཐོའི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་སྐབས། ༡༠།༢༧།༢༡
Reuters

རྒྱ་ནག་གཞུང་གིས་ཐེ་ཝན་ལ་འཛིན་པའི་བྱ་སྤྱོད་དེར་ཨ་མི་རི་ཀའི་སྲིད་འཛིན་གྱིས་ལན་འདེབས་དང་འབྲེལ་ཨེ་ཤེ་ཡའི་རང་དབང་སྲུང་སྐྱོབ་ཆེད་ཨ་རིའི་ལངས་ཕྱོགས་བརྟན་པོ་ཡིན་པ་གསུངས་འདུག
དེ་ཡང་ད་རེས་ལྷོ་ཤར་ཨེ་ཤེ་ཡའི་མངའ་ཁུལ་ཡུལ་གྲུ་ཁག་གི་ཆེས་མཐོའི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་དེ་(Brunei)་ཡུལ་གྱིས་སྣེ་ཁྲིད་གནང་སྟེ་དྲྭ་ལམ་བརྒྱུད་ཚོགས་པའི་སར། འདི་ཚེས་༢༧་རེས་གཟའ་ལྷག་པ་ཉིན། ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་གྱིས། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ཐོག་ལ་འཛིན་པའི་བཙན་ཤུགས་ཀྱི་སྲིད་ཇུས་བྱ་སྤྱོད་དེ་ནི་ཞི་བདེ་དང་བརྟན་ལྷིང་ལ་འཇིགས་སྣང་བཟོ་བའི་བྱེད་ཕྱོགས་ཞིག་ཡིན་པས། ཨ་མི་རི་ཀའི་ཕྱོགས་ནས་མཚོ་ཁུལ་རང་དབང་སྲུང་སྐྱོབ་དང་མང་གཙོ་སྲུང་སྐྱོབ་ཀྱི་ལངས་ཕྱོགས་འཛིན་གྱི་ཡོད་ཅེས་གསུངས་ཡོད་པ་དང་། སྐབས་དེར་ཆེས་མཐོའི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་སར་དྲ་ལམ་ནས་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་མཉམ་ཞུགས་བྱས་ཡོད་པ་རེད། ད་དུང་ཨ་རིའི་སྲིད་འཛིན་གྱིས། རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ནང་རྒྱ་ནག་གི་ཕྱོགས་ནས་འཛིན་བཞིན་པའི་སྲིད་ཇུས་དང་འབྲེལ། མངའ་ཁུལ་ཡུལ་གྲུ་ཁག་གི་དཔལ་འབྱོར་འཛུགས་བསྐྲུན་སོགས་ཀྱི་གནས་སྟངས་ཐད་ཨ་རི་མཉམ་ཞུགས་དང་བཀའ་བསྡུར་གནང་འདོད་ཡོད་ཅེས་གསུངས་འདུག

biden.jpg
ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་གྱི་གནས་སྟངས་ཀྱི་ཐོག་ནས་རྒྱ་ནག་དང་ཨ་རི་བར་མཐུན་གྱི་མེད་པ་མ་ཟད། རྒྱ་ནག་གི་ཕྱོགས་ནས་དམངས་གཙོ་ལྡན་པའི་ཐེ་ཝན་དེ་རྒྱ་ནག་གི་ཆབ་འབངས་མངའ་འོག་ཡིན་ཚུལ་བརྗོད་པ་སོགས་ཀྱི་གནས་སྟངས་ཀྱི་ཐད་ཨ་རིས་རྒྱ་ནག་གི་ལངས་ཕྱོགས་དེར་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཐེ་ཝན་ཐོག་དྲག་པོའི་སྡིག་ར་སྐུལ་བའི་བྱ་སྤྱོད་དེ་ནི། མངའ་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་གནོད་ཚབས་བཟོ་གཞི་ཞིག་ཡིན་པར་བརྟེན་ཨ་མི་རི་ཁས་ཐེ་ཝན་སྲུང་སྐྱོབ་ཞུ་རྒྱུ་དེ་སྔོན་སྤྱི་ལོ་༡༩༧༩་ཁྲིམས་ལུགས་ལྟར་སྲུང་སྐྱོབ་ཀྱི་རོགས་པ་ཞུ་བཞིན་ཡོད་ཐོག་ད་དུང་ཡང་མུ་མཐུད་དེ་བྲག་རྡོ་ནང་བཞིན་གཏན་པོ་དང་མཁྲེགས་པའི་ངང་སྲུང་སྐྱོབ་བྱེད་རྒྱུའི་དམ་བཅའ་ཡོད་ཅེས་གསུངས་འདུག
རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་ལྷན་ཚོགས་ཀྱི་སར་ལྷོ་རྒྱ་ནག་རྒྱ་མཚོ་ནི་འབྲེལ་ཡོད་མངའ་ཁུལ་ཡུལ་ཁག་ཚང་མའི་ནང་ལྟ་བུ་ཞིག་ཡིན་པས། ཚང་མས་ཞི་བདེ་དང་བརྟན་ལྷིང་རང་དབང་སོགས་ཀྱི་ཐད་མཉམ་རུབ་ཀྱི་ཐོག་ནས་འབད་བརྩོན་གནང་དགོས་ངེས་ཤིག་ཡིན་ལུགས་བརྗོད་ཡོད་པ་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

གསར་འགོད་པ། ཕྲ་རིང་བསྟན་ནོར།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎